ལ་དྭགས་ནས་དྷ་ས་བར་རྐང་འཁོར་སྐོར་སྐྱོད་ཀྱིས་བོད་དོན་ལས་འགུལ་སྤེལ་བ། 

བཞུཌ་སྒར་དུ་གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཁག་གིས་སྣེ་ལེན་བྱེད་སྐབས། བོད་ཀྱི་བང་ཆེན་པར།

བོད་དོན་འཐབ་རྩོད་པ་ཞིག་གིས་རྐང་འཁོར་སྐོར་སྐྱོད་བྱས་ཏེ་རྒྱ་གར་མི་མང་ལ་བོད་དོན་དྲིལ་བསྒྲགས་དང་། བོད་པའི་གཞོན་སྐྱེས་རྣམས་ལ་བོད་དོན་འཐབ་རྩོད་མུ་མཐུད་ནས་བྱེད་དགོས་པའི་སྐུལ་མ་གཏོང་ཆེད་དུ་ལ་དྭགས་མཁར་གདོང་ལ་རྩེ་ནས་བཞུགས་སྒར་བར་དུ་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་ནས་དེ་རིང་བཞུགས་སྒར་དུ་མཇུག་བསྒྲིལ་གནང་སོང་། 

ཕྱི་ཚེས་༡༧ ཉིན་དྷེ་ར་རྡུན་དུ་གནས་སྡོད་གནང་མཁན་བོད་དོན་འཐབ་རྩོད་པ་འཇམ་དབྱངས་བསྟན་འཛིན་ནས་འདི་ལོའི་ཕྱི་ཟླ་༥ ཚེས་༢༣ ཉིན་བོད་ནང་དུ་རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༥༡ ལོའི་ཟླ་བ ༥ ཚེས་༢༣ ཉིན་རྒྱ་གཞུང་གིས་བཙན་གྱིས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་འཇོག་བཅུག་པའི་ཉིན་མོ་དང་སྟབས་བསྟུན་ནས། ལ་དྭགས་མཁར་གདོང་ལ་རྩེ་ནས་འགོ་བཙུགས་ཏེ་ལ་དྭགས་གཙོས། ཁུ་ནུ་དང་མ་ན་ལིའི་ཉེ་འཁོར་གྱི་ཧི་མ་ལ་ཡའི་མི་རིགས་ཁག་དང་རྒྱ་གར་ཡུལ་མི་སོགས་ལ་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་གནང་ཡོད་འདུག་ལ། ཐེངས་འདིའི་རྐང་འཁོར་སྐོར་སྐྱོད་དེ་ཐེངས་བཞི་པ་དེ་ཡིན་འདུག ཁོང་གིས་ཕྱི་ལོ་༢༠༢༣ ཟླ་བ་༡༠ ཚེས་ ༡༢ ནས། ཕྱི་ལོ་༢༠༢༣ ཟླ་བ ༡༡ ཚེས་༡༤ བར་བཞུགས་སྒར་དྷ་ས་ནས་གནས་མཆོག་རྡོ་རྗེ་གདན་བར་ཐེངས་དང་པོ། ཕྱི་ལོ་༢༠༢༣ ཟླ་བ་༡༢ ཚེས་༡ ནས་ཕྱི་ལོ་༢༠༢༤ ཟླ་བ་༡ ཚེས་༨ བར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་བདེ་སྐྱིད་གླིང་བར་ཐེངས་གཉིས་པ། ཕྱི་ལོ་༢༠༢༤ ཟླ་བ་༣ ཚེས་༥ ནས་ཕྱི་ལོ་༢༠༢༤ ཟླ་བ་༣ ཚེས་༡༠ བར་བདེ་སྐྱིད་གླིང་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་ཐེངས་གསུམ་པ་བཅས་སྤེལ་ཡོད་འདུག ད་ཐེངས་ཀྱི་ལས་འགུལ་དེ་ཐེངས་བཞི་པ་ཡིན་འདུག་ལ། ཐེངས་འདིའི་རྐང་འཁོར་སྐོར་སྐྱོད་ཀྱི་གནད་དོན་གཙོ་བོ་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དྲིལ་བསྒྲགས་དང་། རྒྱ་གར་གྱི་བདེ་འཇགས་སླད་བོད་རྒྱ་གཉིས་ཀྱི་དཀའ་ངལ་སེལ་རྒྱུར་གལ་ཆེན་པོ་ཡིན་པའི་ཐད་གོ་རྟོགས་སྤེལ་རྒྱུ། རང་མི་རིགས་ཀྱི་བློ་གསར་གཞོན་སྐྱེས་རྣམས་ལ་མི་རིགས་ཀྱི་འཐབ་རྩོད་ཐད་བློ་དཀར་ཞུམ་མེད་ཀྱིས་སྒྲུབ་དགོས་པ་གལ་ཆེན་པོ་ཡིན་པ་སོགས་བློ་སྐྱེད་དང་སེམས་ཤུགས་སྐྲུན་རྒྱུ་མ་ཟད། ལས་འགུལ་འདི་བཞིན་ཁོང་རྣམ་པར་མིག་དཔེར་འོས་པའི་འཐབ་རྩོད་ཀྱི་ལས་འགུལ་ཆགས་རྒྱུར་རེ་བ་ཞུ་བཞིན་ཡོད་ཅེས་དང་། དེ་བཞིན་ཁོང་གིས་ལས་འགུལ་གྱི་དགོས་འདུན་གསུམ་བཏོན་གནང་འདུག་པ་དང་།  དང་པོ་དེ་དགྲ་བོ་རྒྱ་དམར་སྲིད་གཞུང་ནས་མ་དག་བདག་བཟུང་བྱས་པའི་བོད་རྒྱལ་ཁབ་དེ་བཞིན་ཆ་རྐྱེན་གང་ཡང་མེད་པར་བོད་མིར་ཚུར་སྤྲད་དགོས་པའི་བརྡ་ལན་དང་། གཉིས་པ་དེ་དགྲ་བོ་རྒྱ་དམར་སྲིད་གཞུང་གིས་བོད་མི་རིགས་རྩ་མེད་བཟོ་རྒྱུའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་མུས་ཡིན་པ་རྣམས་མཚམས་འཇོག་དགོས་པ། གསུམ་པ་དེ་རྒྱ་གར་གཞུང་དམངས་གཉིས་ནས་བོད་ཀྱི་གནད་དོན་གལ་ཆེར་འཛིན་པའི་ཐོག་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་སྔར་ལྷག་གནང་རྒྱུར་རེ་བ་ཞུ་རྒྱུ་བཅས་བཀོད་འདུག 

དེ་རིང་བཞུགས་སྒར་དྷ་སར་ཕེབས་དུས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྒྲིག་འཛུགས་ཁག་གི་སྐུ་ཚབ་ཀྱིས་སྣེ་ལེན་གནང་སོང་ལ། སྐབས་དེ་དུས་ཁོང་གིས་གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་གནང་སོང་། གསར་འགོད་གསལ་བསྒྲགས་སྐབས་སུ་ཁོང་གིས་གོང་གསལ་གནད་དོན་ཁག་དང་། འདས་པའི་ལས་འགུལ་ཁག་གི་སྐོར་འགྲེལ་བརྗོད་གནང་སོང་ལ། ད་དུང་ཁོང་གིས་བརྗོད་དོན་ལ་ད་ལྟའི་བོད་པའི་སྤྱི་ཚོགས་ཁྲོད་ཆོལ་ཁ་ཆོས་ལུགས་ཀྱི་རྩོད་རྙོག་གི་རྐྱེན་པས་བོད་པའི་རྩ་དོན་ལ་དོ་ཕོག་ཆེན་པོ་འགྲོ་ཉེན་འདུག་པས། བོད་པ་ཚང་མས་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་གལ་ཆེན་པོ་ཡིན་པར་བརྗོད་གནང་སོང་ལ། དེ་བཞིན་གཞོན་སྐྱེས་ཚོས་ངེས་པར་དུ་བོད་པའི་རྩ་དོན་ཆེད་དུ་འཐབ་རྩོད་བྱེད་རྒྱུ་གལ་ཆེན་པོ་ཡིན་པ། མ་འོངས་པར་ཁོང་རང་ཉིད་ཡིན་ན་ཡང་རང་ལོ་༦༥ མ་སོན་བར་བོད་དོན་ཆེད་ལས་འགུལ་སྤེལ་རྒྱུ་ཡིན་པ་སོགས་བརྗོད་གནང་སོང་། 

གསར་འགོད་པ། བསོད་ནམས་ཕུན་ཚོགས།