ལང་ཚོ་དར་ལ་བབ་པའི་སློབ་མའི་འགོ་ཁྲིད་ཚོར་ཟབ་སྦྱོང་། 

ཟླ་འདིའི་ཚེས་༢༠ ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གོ་སྒྲིག་འོག དྷ་ས་མེག་གྷན་གྱི་རྒྱ་གར་ཡུལ་སྐོར་སྤྲོ་འཆམ་པའི་ཚོགས་ཁང་དུ་ལང་ཚོ་དར་ལ་བབ་པའི་སློབ་མ་ཚོའི་སློབ་སྦྱོང་དང་། དཀའ་ངལ་གང་ཡོད་སེལ་ཐབས་དང་འབྲེལ་བའི་<<སློབ་གྲྭའི་ལང་ཚོ་དར་བབ་ཚོགས་ཆུང་གི་སློབ་ཕྲུག་འགོ་ཁྲིད་རྣམས་ལ་ཟབ་སྦྱོང་>>ཞེས་པ་ཉིན་བཞིའི་རིང་འཚོག་གི་ཡོད་པ་རེད།

ཟབ་སྦྱོང་དབུ་འབྱེད་མཛད་སྒོའི་ཐོག་ཏུ་སྐུ་མགྲོན་གཙོ་བོར་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་འགྲུབ་དང་། དྲུང་འཕར་བྱམས་པ་ཕུན་ཚོགས། ནད་རིགས་སྔོན་འགོག་ཚན་པའི་འགན་འཛིན་ཚེ་རིང་གཡུ་སྒྲོན་གཙོས་པའི་འབྲེལ་ཡོད་ལས་བྱེད་འགའ། ད་རུང་ཉིན་བཞིའི་ཟབ་ཁྲིད་པ་རྒྱ་གར་ཆེད་ལས་མི་སྣ་གཉིས་བཅས་ཕེབས་འདུག

སྐབས་འདིའི་ཟབ་སྦྱོང་ལ་སློབ་གྲྭ་ཁག་མི་འདྲ་བ་༣༡ ནས་སླེབས་པའི་སློབ་ཕྲུག་༦༠ དང་། དགེ་རྒན་༣༠ བཅས་ཁྱོན་བསྡོམས་དགེ་སློབ་བརྒྱ་ལ་ཉེ་བ་ཞིག་འཛུལ་ཞུགས་བྱས་འདུག 

འཕྲོད་བསྟེན་དྲུང་འཕར་བྱམས་པ་ཕུན་ཚོགས་ཀྱིས་“ལང་ཚོ་དར་བབ་[ཟབ་སྦྱོང་]ལ་ཆ་བཞག་པ་ཡིན་ན། ཐོག་མར་ ༢༠༡༧ ལོ་ནས་ཨ་རིའི་གཞུང་འབྲེལ་རོགས་ཚོགས་བརྒྱུད་ནས་ཉམས་ཞིབ་ཟུར་དུ་གནང་བའི་ཐོག་ནས་འདིར་ལང་ཚོ་དར་བབ་ཀྱི་ལས་འཆར་ཟེར་བའི་དམིགས་བསལ་ཤུགས་སྐྱོན་དགོས་པའི་ལམ་སྟོན་དང་སྙན་ཐོ་ཕེབས་པའི་མཇུག་འབྲས་སུ། དེ་རིང་ང་ཚོ་འདིར་འཛོམས་རེད། ལྷག་པར་དུ་སློབ་གྲྭའི་དགེ་རྒན་ཚོས་དེ་སྔ་ནས་མཁྱེན་མཁྱེན་པ་ཆགས་བསྡད་ཡོད་རེད། ད་ཐེངས་འཕྲོད་བསྟན་ལས་ཁུངས་ངོས་ནས་ལང་ཚོ་དར་བབ་དང་འབྲེལ་བའི་ཟབ་སྦྱོང་ངམ་གོ་བསྡུར་ཐེངས་བདུན་ཙམ་ཞུས་ཟིན། དགེ་རྒན་རྣམ་པ་ལ་ཁག་གཅིག་ལ་ཕུལ་ཟིན་རེད། དེ་ནང་བཞིན་སློབ་སྤྱི་ཚོ་དམིགས་བསལ་གདན་འདྲེན་ཞུས་ནས་ཕུལ་ཡོད། དེ་བཞིན་སློབ་གྲྭའི་དགེ་རྒན་མདུན་ལམ་སློབ་སྟོན་པ་ཚོ་གདན་འདྲེན་ཞུས་པའི་ཐོག་ནས་ལྡི་ལི་རང་ལ་བདུན་ཕྲག་གཅིག་ལྷག་ལ་ཟབ་སྦྱོང་ཕུལ་བ་བཅས་ཐེངས་འདུན་བྱུང་ཡོད་”ཅེས་ཟབ་སྦྱོང་གི་བྱུང་རིམ་ངོ་སྤྲོད་གནང་བའི་རྗེས། ཐེངས་འདིའི་ཟབ་སྦྱོང་ནང་ཞུགས་མཁན་སློབ་ཕྲུག་ཚོ་གདན་འདྲེན་ཞུས་པའི་དགོས་པ་དང་དམིགས་ཡུལ་ཐད་ལ། “རྒྱ་ཆེ་ས་ནས་ཞུས་པ་ཡིན་ན། ང་ཚོ་བོད་མིའི་བདེན་དོན་འཐབ་རྩོད་བྱེད་རྒྱུ་དེ་དམིགས་ཡུལ་མཐོ་ཤོས་དེ་འཇོག་གི་ཡོད། འཐབ་རྩོད་བྱེད་སའི་ཁ་གཏད་དེ་སུ་ཆགས་ཀྱི་ཡོད་རེད། རྒྱ་ནག་གུང་ཁྲན་ཆགས་ཀྱི་ཡོད་རེད། རྒྱ་ནག་གུང་ཁྲན་དེ་ད་ལྟ་འཛམ་གླིང་ནང་ཨ་རི་དང་ལྷན་དུ་ཁྱོད་སྟོབས་ཆེ་དང་ང་སྟོབས་ཆེ་ཟེར་བའི་མཚམས་ལ་སླེབས་ཡོད། དེ་འདྲ་ཞིག་ལ་ཁ་གཏད་གཅོག་མཁན་ང་ཚོས་བྱེད་ཀྱི་ཡིན་ཟེར་གྱི་ཡོད་རེད། ང་ཚོས་ཐོབ་ཐང་ཚུར་ལེན་ཐུབ་པ་བྱེད་ཀྱི་ཡིན་ཟེར་གྱི་ཡོད། དེ་བྱེད་པ་ལ་ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཚང་མར་འགན་ཡོད། ལྷག་པར་དུ་ད་ལྟའི་ལང་ཚོ་དར་བབ་ཀྱི་སློབ་ཕྲུག་ཚོས་རིག་པ་སྒྲིམ་པ་ཡིན་ན། སྒྲིམ་པའི་གོ་སྐབས་ཤིག་ཡོད་”ཅེས་གསུངས་པ་མ་ཟད། ད་ཐེངས་ཀྱི་ཟབ་སྦྱོང་འདིའི་ནང་སློབ་མ་ཚོར་གཙོ་བོ་ལང་ཚོ་དར་བབ་ཀྱི་སྐབས་སུ་དཀའ་ངལ་གང་ཞིག་འཕྲད་ཀྱི་ཡོད་པ་དང་། དེ་ལ་གདོང་ལེན་བྱེད་པར་གྲ་སྒྲིག་ཅི་ཞིག་བྱེད་དགོས་པ། དེ་བཞིན་རྒྱ་གར་གྱི་བྱིས་པའི་འཁྲིག་སྦྱོད་འགོག་སྲུང་གི་ཁྲིམས་(POCSO) ངོ་སྤྲོད་སློབ་སྦྱོང་། སྨྱོ་རྫས་ངན་གོམས་སྐོར་ལ་ངོ་སྤྲོད་ཟབ་སྦྱོང་བྱེད་པ་སོགས་ཡིན་སྐོར་གསུངས་སོང་། 

གཞན་ཡང་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་འགྲུབ་ཀྱིས་ཟབ་སྦྱོང་བ་ཚོར་གསུང་བཤད་གནང་སོང་བ་དང་། ཁོང་གིས་ལང་ཚོ་དར་ལ་བབ་པའི་སྐབས་སུ་སློབ་གྲྭ་དང་ཁྱིམ་ཚང་གི་ཁོར་ཡུག་བཟང་མིན་ལ་བརྟེན་ནས། སྨྱོ་རྫས་ངན་གོམས་སུ་འགྲོ་བ་དང་། ཕ་མ་ཁ་ཅིག་སྒོར་མོ་གསོག་རྒྱུ་ཁོ་ནར་མགོ་འཁོར་ནས་བྱིས་པའི་སློབ་གསོ་སྣང་ཆུང་ཤོར་བས་བྱིས་པ་རྣམས་འཕྲོ་བརླག་འགྲོ་བ། དེ་བཞིན་ད་ལྟའི་དུས་སྐབས་འདིར་སྔོན་ཆད་དང་མི་འདྲ་བར་ལང་ཚོ་དར་བབ་ཀྱི་ན་ཆུང་ཚོར་སློབ་སྦྱོང་གི་དཀའ་ངལ་ཐོག་ཏུ་གྱོན་ཆས་འགྲན་བསྡུར་ཡོད་པས། སྒོར་མོ་མེད་མཁན་ཚོ་ལ་རང་བཞིན་གྱིས་གནོན་ཤུགས་ཐེབས་ནས་རྐུ་བྱེད་པ་སོགས་ན་ཆུང་དག་ལ་འཕྲད་སྲིད་པའི་ལུས་སེམས་ཀྱི་དཀའ་ངལ་མང་པོ་ཡོད་ཚུལ་འགྲེལ་བཤད་གནང་བའི་ཁར། སྨྱོ་རྫས་ངན་གོམས་སུ་ཕྱིན་ཚར་བའི་ན་ཆུང་རྣམས་སྣང་མེད་ཕྱིར་འཕུད་མི་བྱེད་པར་ཐབས་བརྒྱ་བྱུས་སྟོང་གིས་རོགས་རམ་བྱེད་རྒྱུ་གལ་ཆེ་སྐོར་ཡང་གསུངས་སོང་། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།