དགོངས་སེལ་ཞུ་བ་ཙམ་མ་ཡིན་པར་ལས་དོན་ལག་བསྟར་གནང་རྒྱུ་གལ་ཆེ།
ཟླ་འདིའི་ཚེས་༢༥ ཉིན་སྲིད་སྐྱོང་བློ་བཟང་སེང་གེས་དྷ་ས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། ཉེ་ཆར་༧གོང་ས་མཆོག་གིས་བོད་མིའི་སྒྲིག་འཛུགས་འོག་འཐུས་ཤོར་འགྲོ་ཡི་ཡོད་པའི་སྐོར་གསུངས་པར། ཞིབ་འཇུག་ཚོགས་ཆུང་ཆེད་འཛུགས་བྱས་ནས། ལས་དོན་ཡར་རྒྱས་གཏོང་ཐབས་བྱེད་རྒྱུ་ཡིན་སྐོར་གསུངས་སོང་།
སྲིད་སྐྱོང་བློ་བཟང་སེང་གེས་གསུང་དོན། “ཉེ་ཆར་སྨན་རྩིས་ཁང་གི་མཛད་སྒོའི་ཐོག་༧གོང་ས་མཆོག་གིས་བཀའ་སློབ་ནན་པོ་ཕེབས་ཡོད་པ་རེད། གཙོ་ཆེ་ཤོས་༧གོང་ས་མཆོག་དགོངས་པ་དྭངས་ཆེད་དགོངས་སེལ་ཞུ་བ་ཙམ་མ་ཡིན་པར། ལས་དོན་ལག་བསྟར་གནང་རྒྱུ་གལ་ཆེན་པོར་བརྩི་ཡི་ཡོད། ༧གོང་ས་མཆོག་གིས་ཉམས་ཐག་སྐོར་དང་། འཕྲོད་བསྟེན་སྐོར་གཙོ་བོ་སྔོན་འགོག་སྐོར་གསུངས་ཡོད་པ་རེད། དེ་བཞིན་བཀའ་ལུང་དང་འབྲེལ་ནས་འོས་བསྡུའི་སྐོར་ལ་བཀའ་ལུང་ཕེབས་ཡོད་པས། དེའི་ཐོག་བཀའ་ཤག་ཐེངས་མང་པོ་འཛོམས་པ་དང་། བཀའ་སྤྱི་གཉིས་ཀ་འཛོམས། ཚོགས་གཙོ་སྦྲེལ་གཞོན་གཉིས་མཉམ་དུ་ཐེངས་ཁ་ཤས་ལ་འཛོམས་ནས་བཀའ་བསྡུར་བྱུང་བ་རེད་”ཅེས། ད་ཐེངས་ཉམས་མྱོང་ཚད་ལྡན་ཡོད་པའི་མི་སྣའི་དམིགས་བསལ་ཚོགས་ཆུང་གཉིས་བཙུགས་ནས་འཕྲོད་བསྟེན་སྐོར་དང་ཉམས་ཐག་སྐོར་ལ་ཞིབ་འཇུག་ཚད་ལྡན་བྱེད་ཆེད་ཕྱི་ཟླ་༥ པའི་ནང་འགོ་འཛུགས་དང་། སྙན་ཐོ་ཟླ་བ་༣ ནང་ཚུད་ཚར་ཐུབ་ན། བཀའ་ཤག་གསར་པས་ལས་དོན་བྱེད་ཕྱོགས་ལ་ཕན་ཐོགས་རྒྱུ་ཡིན་སྐོར། དེ་བཞིན་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་འཕྲོད་བསྟེན་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་ཚོགས་ཆེན་ཞིག་འཚོག་རྒྱུ་ཡིན་སྐོར་གསུངས་སོང་།
ཁོང་གིས་འོས་བསྡུའི་ལས་རིམ་དང་འབྲེལ་ནས་གསུང་དོན། “དེ་བཞིན་བཀའ་ལུང་ཕེབས་པ་བཞིན་སྤྱི་ཚོགས་ནང་དུ་ངོས་ལེན་བྱེད་ཀྱི་ཡོད་རེད། འོས་བསྡུའི་སྔོན་འགྲོའི་སྐབས་ལྷིང་འཇགས་པོ་བྱུང་ཡོད་པ་རེད་མོད། དངོས་གཞིའི་སྐབས་ཟླ་བ་ཁ་ཤས་རིང་འཁྲུགས་ཆ་དོད་པོ་བྱུང་བ་དང་། ཁ་ཉིན་དཔལ་ལྡན་ཚོགས་གཙོས་འདིར་གསུངས་ཡོད་པ་རེད་ལ། གྲོས་ཚོགས་ནང་ཡང་གསུངས་པ་རེད། འོས་བསྡུའི་ནང་ཆ་ཤས་ལེན་ཚང་མས་འགན་དེ་ཁུར་དགོས་པ་རེད། མ་འོངས་པར་དེ་འདྲ་མ་ཡོང་ཆེད་འོས་བསྡུའི་འགན་འཛིན་རྣམ་པ་དང་། ཚོགས་གཙོ་ཚོགས་གཞོན། བཀའ་སྤྱིའི་གཉིས་ཀ་བཀའ་བསྡུར་བྱུང་བ་དང་། ཚང་མས་མོས་མཐུན་ཡོད་པ་དེ་དུས་ཚོད་རིང་པོ་ཞེ་དྲག་ཆགས་ཡོད་པ་རེད། ང་རང་གི་མཉམ་མྱོང་ཡིན་ན། འོས་མིས་ཆ་ཤས་ལེན་དགོས་པ་རེད་ལ། རྒྱབ་སྐྱོར་བྱེད་མཁན་ཚོར་གཏམ་བརྗོད་རང་དབང་མང་གཙོའི་འགྲོ་སྟངས་ཐོག་ནས་གོ་སྐབས་བསྐྲུན་དགོས་པ་རེད་མོད། དུས་ཚོད་རིང་དྲགས་པའི་རྐྱེན་གྱིས། དུས་རྒྱུན་སྤྱི་ཚོགས་ནང་ཕྱག་ལས་མི་གནང་མཁན་དང་འགན་ཁུར་མེད་མཁན་ཚོས་སྤྱི་ཚོགས་དྲ་རྒྱ་ཁག་གི་ནང་གཞི་མེད་སྐྱོན་འཛུགས་འདྲ་མིན་བཤད་པ། དེ་བཞིན་དོལ་རྒྱལ་རྗེས་འབྲངས་པ་ཚོས་གོ་སྐབས་འཇུས་ནས་དཀྲོག་གཏམ་སྤེལ། རྒྱ་ནག་གཞུང་ལ་འབྲེལ་ཡོད་མཁན་ཚོས་སྤྱི་ཚོགས་དྲ་རྒྱ་ཁག་ནང་མིང་མེད་ཐོག་ནས་འདྲ་མིན་སྣ་ཚོགས་བཤད་ཡོང་དུས། རང་བཞིན་གྱིས་སྤྱི་ཚོགས་ནང་འཁྲུགས་ཆ་དོད་པོ་ཆགས་ཡོང་གི་ཡོད་རེད། དེ་ནས་ཞེན་ཁོགས་དང་འཐེན་འཁྱེར་ཡོང་གི་ཡོད་པ་རེད། དངོས་གནས་ཡིན་ན་འོས་མིའི་འཆར་སྣང་དང་ལས་གཞི་ག་རེ་ཡིན་པ་གཞི་ལ་བཞག་ནས་འོས་བསྡུའི་འགྲན་སྡུར་འགྲོ་དགོས་པ་རེད་དེ། དེའི་བར་དུ་འབྲེལ་བ་མེད་མཁན། ཇུས་ཏོག་མེད་མཁན། དུས་ཚོད་ཡོད་མཁན་ཚོས་སྤྱི་ཚོགས་ནང་དཀྲོག་གཏམ་སྤེལ་ཡོང་དུས། འཕྲལ་ཕུགས་རྒྱང་གསུམ་ལ་གནོད་པ་ལས་ཕན་པ་མི་འདུག་”ཅེས། འོས་བསྡུའི་སྒྲིག་གཞི་དེ་ཁྲིམས་དང་སྒྲིག་གཞི་ཡིན་པས། མཐའ་མར་གྲོས་ཚོགས་ནང་ཐག་གཅོད་དགོས་པ་དང་། ད་ལྟ་དེའི་ཐོག་གྲོས་བསྡུར་འགྲོ་བཞིན་ཡོད་སྐོར་གསུངས་སོང་།
དེ་བཞིན་ཁོང་གིས། “ཁ་སྔོན་བཀའ་ཤག་ངོས་ནས་ཕྱག་ལས་གནང་གི་ཡིན་ཞུས་ཡོད་སྟབས། དེ་བར་མཚམས་རིང་པོ་ལྷག་པ་ཡིན་ན། མི་མང་ནང་གཅིག་བྱེད་ཀྱི་ཡིན། གཉིས་བྱེད་ཀྱི་ཡིན་ཞེས་གསལ་བསྒྲགས་བྱས་རྗེས། དོན་དག་འབབ་རྒྱུ་གང་ཡོད་ཅེས་ཏན་ཏན་དོགས་འདྲི་ཡོད་ངེས་རེད། དོགས་འདྲི་ཡོད་པ་ཡིན་ན། ད་རེས་བཀའ་ཟུར་དང་། སྤྱི་ཚོགས་ནང་ཆེ་མཐོང་ཡོད་པའི་མི་སྣའི་ཚོགས་ཆུང་བཙུགས་ཏེ་ལས་རིམ་ལག་བསྟར་འགྲོ་མུས་ཡིན་”ཞེས་གསུངས།
འཕྲོད་བསྟེན་ཆེད་ཚོགས་ཆུང་གི་ཚོགས་གཙོ་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ཡིན་པ་དང་། ཁོང་གིས་ཁྲིམས་ཞིབ་པ་ཆེ་བ་དང་། འཕྲོད་བསྟེན་ལས་ཁུངས་ནང་ཕྱག་ལས་གནང་མྱོང་ཡོད་པ་མ་ཟད། ལྷན་ཁང་ཁག་གཞན་དང་སྐུ་ཚབ་དོན་ཁང་སོགས་ཀྱི་ནང་དུའང་ཕྱག་ལས་གནང་མྱོང་ཡོད་པ་རེད། ཁོང་ལ་ཕྱག་རོགས་དྲུང་ཟུར་ཚེ་རྡོར་རམ་ཚེ་རིང་རྡོ་རྗེ་བསྐོས་ཡོད་པ་དང་། ཁོང་གིས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་གནང་མྱོང་ཡོད་པ་མ་ཟད་ལྷན་ཁང་ཁག་གཞན་གྱི་ནང་དུའང་ཕྱག་ལས་གནང་མྱོང་ཡོད་པ་རེད།
ཉམས་ཐག་ཚོགས་ཆུང་ནང་བཀའ་ཟུར་ཚེ་རིང་ཕུན་ཚོགས་བསྐོས་ཡོད་པ་དང་། ཁོང་གིས་ཆོས་རིག་བཀའ་བློན་དང་། སྤྱི་འཐུས། གྲོས་ཚོགས་ནང་ཉམ་ཐག་ཚོགས་ཆུང་ནང་ཕྱག་ལས་གནང་མྱོང་ཡོད་པ་རེད། ཁོང་གི་ཕྱག་རོགས་སུ་དྲུང་ཟུར་བཀྲ་ཤིས་ཕུན་ཚོགས་བསྐོས་ཡོད་པ་དང་། ཁོང་ནི་དེ་སྔ་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ཡུན་རིང་གནང་མྱོང་ཡོད་པ་མ་ཟད། ལྷན་ཁང་ཁག་དང་འཛིན་སྐྱོང་སོགས་སྤྱི་ཡོངས་ཀྱི་ཉམས་མྱོང་ཡོད་འདུག ཉམས་ཐག་སྐོར་དེ་ནང་སྲིད་དང་།ཤེས་རིག དེ་བཞིན་འཕྲོད་བསྟེན་བཅས་གསུམ་ཀར་འབྲེལ་བ་ཡོད་པས། དེ་ལུགས་ཞིབ་འཇུག་དགོས་སྐོར་སྲིད་སྐྱོང་གིས་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།