ལས་འགུལ་གཙོ་བོ་དེ་དབུ་མའི་ལམ་གྱི་ཐོག་ཤར་བསྐྱོད་བྱེད་རྒྱུ་ཡིན།
སྦེལ་ཀོབ་ས་གནས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སྣེ་ཁྲིད་འོག དབུ་མའི་ལམ་གྱི་ཐོག་ནས་བོད་དོན་ཁྱབ་བསྒྲགས་ཆེད་སྦག་སྦག་སྐོར་བསྐྱོད་ལས་འགུལ་བ་ཁག་ཅིག་གིས་ཕྱི་ཟླ་༡༠ ཚེས་༢ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ནས་འགོ་འཛུགས་བྱས་ཏེ། བྷིང་ལོར་དང་ལྡི་ལི་བརྒྱུད་ཉིན་༡༢ རྗེས་དྷ་སར་འབྱོར་ཡོད་པ་རེད།
ཟླ་འདིའི་ཚེས་༡༢ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འཁྲིས་དཔའ་བོའི་རྡོ་རིང་མདུན་དུ་ལས་འགུལ་མཇུག་བསྡོམས་ཀྱི་མཛད་སྒོ་འཚོགས་པ་དང་། དེར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་དང་། སྤྱི་འཐུས་སྒྲོལ་མ་ཚེ་རིང་། སྤྱི་འཐུས་བློ་བཟང་ཆོས་འབྱོར་སོགས་ཕེབས་ཡོད་པ་རེད།
དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་དང་སྤྱི་འཐུས་ཟླ་བ་ཚེ་རིང་གིས་ལས་འགུལ་བ་རྣམས་ལ་ཕེབས་བསུའི་གསུང་བཤད་གནང་སྐབས། ཁོང་གིས་ལས་འགུལ་ཁང་དེ་བཙུགས་ནས་ལས་འགུལ་སྤེལ་བའི་སྐོར་གསུང་དོན། “དབུ་མའི་ལས་འགུལ་ཁང་གཙུགས་ནས། ལོ་བདུན་བརྒྱད་རིང་བོད་པའི་སྤྱི་ཚོགས་ནང་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་རྒྱུ་གཙོ་བོར་གྱུར་པའི་དེ་རིང་སྤག་སྦག་ལས་འགུལ་བཞིན་ལས་འགུལ་སྤེལ་རྒྱུ་ཡོད་པ་ངོ་སྤྲོད་དང་། སྐད་འབོད་དང་འཕྲེད་དར་ངོ་སྤྲོད། རྒྱ་གར་དང་རྒྱལ་སྤྱིའི་ཐོག་སྙན་ཞུ་ཕུལ་བ་སོགས་ལས་འགུལ་རིམ་པ་སྤེལ་ཡིན་ལ། དབུ་མའི་ལམ་ལས་འགུལ་ཁང་བཙུགས་པའི་དམིགས་ཡུལ་བཞིན་མང་ཚོགས་ནང་གོ་རྟོགས་སྤེལ་ཐུབ་པ་དང་། ༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་། བོད་གཞུང་གི་སྲིད་ཇུས་ལ་དབུ་འོག་དཔུང་འདེགས་མི་དམན་ཙམ་བྱེད་ཐུབ་ཡོད་པའི་གདེངས་སྤོབས་ཡོད་”ཅེས་གསུངས་སོང་།
ཁོང་གིས་མུ་མཐུད་གསུང་དོན། “༢༠༠༨ ལོའི་སྔོན་ལ་དབུ་མའི་ལམ་ལ་མཐོང་ཆུང་དང་ཁྱད་གསོད། དམའ་འབེབས། ལས་འགུལ་སྤེལ་རྒྱུ་ཡོད་པ་མ་རེད་ཟེར་བ་དེ་འདྲ་ད་ལྟའི་ཆར་མེད་པ་ཆགས་བསྡད་ཡོད་”ཅེས་དང་། སྦག་སྦག་ལས་འགུལ་བ་རྣམས་ཀྱིས་སོ་སོའི་ཁེ་ཕན་བློས་བཏང་སྟེེ། ལས་འགུལ་སྤེལ་བ་དེར་བསྔགས་བརྗོད་དང་། མ་འོངས་པར་ཡང་དབུ་མའི་ལམ་གྱི་ལས་འགུལ་ཁང་ལ་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་གནང་སོང་།
སྐུ་མགྲོན་གཙོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བསོད་ནམས་བསྟན་འཕེལ་གྱིས་ལས་འགུལ་དེ་དང་འབྲེལ་ནས་གསུང་བཤད་གནང་དོན། “དེ་རིང་དབུ་མའི་ལམ་ལས་འགུལ་གྱི་སྦག་སྦག་སྐོར་བསྐྱོད་བྱས་ཏེ་བོད་དོན་ཁྱབ་བསྒྲགས་དང་། རྒྱ་ནག་གཞུང་ལ་ཡང་ང་ཚོས་བརྡ་ཞིག་གཏོང་རྒྱུ། བོད་མིའི་གནས་སྟངས་དེར་སེམས་ཤུགས་མ་ཆགས་པར་མུ་མཐུད་རྒྱུད་འཛིན་བྱེད་ཐུབ་པ། བོད་མིའི་འཐབ་རྩོད་དེ་བདེན་པའི་འཐབ་རྩོད་ཅིག་ཡིན་པས། དེ་ལ་རྒྱབ་སྐྱོར་གནང་མཁན་ཤུགས་ཆེན་པོ་ཡོང་དགོས་པ་ཞིག་རེད། རྣམ་པ་ཚོས་བོད་དོན་ཁྱབ་བསྒྲགས་དང་ཆོད་སེམས་བརྟན་པོའི་ཐོག་ནས་དེ་རིང་ལས་འགུལ་དེ་མཇུག་བསྡོམས་གནང་ཐུབ་པ་དེར་བསྔགས་བརྗོད་ཞུ་རྒྱུ་ཡིན་”ཞེས་གསུངས་སོང་།
ཁོང་གིས་མུ་མཐུད་གསུང་དོན། “༧གོང་ས་མཆོག་དགུང་ལོ་ཆེན་པོར་སླེབས་བསྡད་ཡོད་པས། རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཐོག་ནས་བོད་དོན་ཐེ་ཇུས་དགོས་ཀྱི་འདུག བོད་ཀྱི་བདེན་མཐའ་དེ་ད་ལྟ་གསལ་མ་ཐུབ་ན། བོད་བཙན་པོའི་སྐབས་ལ་བལྟས་ན། བོད་པ་ཟེར་བ་དེ་སེམས་ཤུགས་ཆེན་པོ། སྙིང་སྟོབས་ཆེན་པོའི་མི་རིགས་ཤིག་ཡིན་པས། ག་དུས་ཡིན་ན་བློས་གཏོང་མི་ཐུབ་པའི་གནས་སྟངས་རེད། དེ་བརྟེན་ད་ལྟའི་ཆར་བོད་དོན་འགྲིག་འཇགས་ཀྱི་དུས་ཚོད་ཟིན་འདུག་པའི་བརྡ་གཏོང་དགོས་པ་གལ་ཆེན་པོ་རེད་”ཅེས་དང་། ད་སྔ་བར་དུ་བོད་དོན་ཆེད་རང་སྲོག་བློས་གཏོང་གི་ལས་འགུལ་མང་པོ་སྤེལ་ཡོད་པ་གཟི་བརྗིད་ཆེན་པོ་ཡིན་སྐོར་དང་། ང་ཚོའི་དུས་ཚོད་རིང་འཐུས་ཤོར་མ་སོང་བ་ཞིག་དགོས་སྐོར་གསུངས་སོང་།
སྦེལ་ཀོབ་ས་གནས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་རིག་འཛིན་རྡོ་རྗེས་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་དེ་སྤེལ་དགོས་དོན་སྐོར་ངོ་སྤྲོད་གནང་དོན། “ལས་འགུལ་གཙོ་བོ་དེ་དབུ་མའི་ལམ་གྱི་ཐོག་ཤར་བསྐྱོད་བྱེད་རྒྱུ་དང་། རྒྱ་བོད་བར་གྱི་དཀའ་སྡུག་དེ་སེལ་ནས་མགྱོགས་པོ་བོད་ལ་ང་ཚོ་ལོག་ཐུབ་ཆེད་དུ་ཡིན། རྒྱ་གར་གྱི་གྲོང་ཁྱེར་ཁག་ནང་སྐོར་བསྐྱོད་དང་། ཡིག་ཆ་འགྲེམས་སྤེལ་སོགས་བྱས་ཡིན། གཙོ་བོ་གཅིག་དེ་དབུ་མའི་ལམ་གྱི་སྲིད་ཇུས་དེ་མི་མང་ནང་སྤེལ་དགོས་པ་གལ་ཆེན་པོ་འདུག་”ཅེས་དང་། ཐེངས་འདིའི་ལས་འགུལ་ནང་སྦག་སྦག་ཁག་ཅིག་ལ་སྐྱོན་ཤོར་བ་ལས། དཀའ་ངལ་ཆེན་པོ་འཕྲད་མེད་སྐོར་གསུངས་སོང་།
དེ་བཞིན་ཁོང་གིས། སྦེལ་ཀོབ་ནས་ཐོག་མར་ཡོང་སྐབས་སྦག་སྦག་བཞི་དང་། ལྡི་ལི་ནས་ཡར་ཡོང་སྐབས་སྦག་སྦག་གསུམ་བསྣན་ནས་དེ་རིང་འདིར་སྦག་སྦག་བདུན་ཡོད་སྐོར་ཡང་འགྲེལ་བརྗོད་གནང་སོང་ལ། རྒྱ་གར་གྱི་ས་གནས་ཁག་ཏུ་འབྱོར་སྐབས་རྒྱ་གར་མི་མང་དང་ས་གནས་ཀྱི་བོད་མི་ཚོས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད་སྐོར་གསུངས་སོང་། དེ་བཞིན་ཁོང་གིས་ཐེངས་འདིའི་ལས་འགུལ་སྐབས་བོད་མི་གནས་སྡོད་བྱེད་ས་རྒྱལ་ཕྱི་ནང་ཚང་མ་བསྡོམས་པའི་ཞལ་འདེབས་ཧིན་སྒོར་འབུམ་བདུན་ལྷག་བྱུང་སྐོར་དང་། མ་འོངས་པར་མུ་མཐུད་ལས་འགུལ་སྤེལ་རྒྱུ་ཡིན་སྐོར་ངོ་སྤྲོད་གནང་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།