ལས་འགུལ་བ་ཐུབ་བསྟན་ཆོས་ཉིད་ལ་ཐུགས་རྗེ་ལེགས་གསོལ་གྱི་ཆེ་བསྟོད་གཟེངས་རྟགས་ཕུལ་འདུག

ཟླ་འདིའི་ཚེས་༡༣ ་ཉིན་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་བོད་རང་བཙན་བསྐྱར་བསྒྲགས་བྱས་ནས་ལོ་ངོ་ཧྲིལ་པོ་༡༡༡ འཁོར་བའི་དུས་དྲན་སྲུང་བརྩི་དང་སྟབས་བསྟུན། ནིའུ་ཡོག་དང་ནིའུ་འཇར་སིའི་ས་གནས་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱིས་བོད་རང་བཙན་ལས་འགུལ་བ་ཐུབ་བསྟན་ཆོས་ཉིད་ལ་ཐུགས་རྗེ་ལེགས་གསོལ་གྱི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ་ཡོད་པ་མ་ཟད། ཞུམ་པ་མེད་པའི་སྙིང་སྟོབས་དང་རྒྱལ་ཞེན་གྱིས་ཕྱུག་པའི་ཁོང་གི་སྐུ་ཟླ་ཆོས་ལྡན་དབང་མོ་དང་བུ་ཕྲུག་ཡོངས་ཀྱིས་ཁོང་གི་ལས་འགུལ་རྒྱབ་སྐྱོར་གནང་བར་བརྟེན། ཁོང་རྣམས་ལ་ཡང་ཐུགས་རྗེ་ལེགས་གསོལ་གྱི་གཟེངས་རྟགས་ཤིག་ཕུལ་འདུག
སྐབས་དེར་ནིའུ་ཡོག་དང་ནིའུ་འཇར་སིའི་ས་གནས་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་གཙོ་བློ་དགའ་རང་བཙན་གྱིས་ཐེངས་འདིའི་དུས་དྲན་སྲུང་བརྩི་ཞུ་ས་ནི་ཨ་རིའི་རང་བཙན་གསལ་བསྒྲགས་སྤེལ་སའི་མདུན་དུ་ཡིན་པ་དང་། དུས་དྲན་དེ་ཡང་༸རྒྱལ་དབང་བཅུ་གསུམ་པས་བོད་རང་བཙན་བསྐྱར་བསྒྲགས་བྱས་པའི་ཉིན་མོ་ཡིན་པ། དེ་བཞིན་ཐུབ་བསྟན་ཆོས་ཉིད་ཀྱིས་ལོ་གཅིག་གི་རིང་། བོད་རང་བཙན་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་སོགས་ལ་བརྟེན། དུས་དྲན་དེ་ཆེད་དུ་ས་གནས་ཧྥི་ལ་ཌ་ཧྤེ་ཡར་ལ་སྲུང་བརྩི་ཞུས་པ་ཡིན་ཞེས་གསུངས་སོང་།

དེ་བཞིན་ལས་འགུལ་བ་ཐུབ་བསྟན་ཆོས་ཉིད་ཀྱིས་བོད་མི་ཚོས་བོད་རང་དབང་རང་བཙན་གྱི་ཐོག་ལ་ཤུགས་རྒྱག་དགོས་པ་དང་། བོད་ནང་གི་དཀའ་སྡུག་དེ་འཛམ་བུ་གླིང་གི་སྡིངས་ཆའི་ཐོག་སྐྱེལ་དགོས་པ། བཙན་བྱོལ་བོད་མི་ཚོ་ལུང་པ་གང་དང་གང་གི་མི་སེར་ཆགས་པ་ཡིན་ཡང་ཧ་ལས་རྒྱུ་མེད་པ། བོད་པ་ནི་བོད་པ་རང་ཡིན་པ་དང་། བོད་པའི་ལས་འགན་ནི་བོད་མི་ཚོས་སྒྲུབ་དགོས་སོགས་ཀྱི་གཏམ་བཤད་གནང་སོང་། གཞན་ཡང་ཐུབ་བསྟན་ཆོས་ཉིད་ཀྱིས་གསུངས་གསལ་ལྟར་ན ས་གནས་སུ་གནམ་གཤིས་གྲང་ངར་ཆེ་བའི་དབང་གིས་ལས་ཀ་ཕར་འགྱངས་དང་སློབ་གྲྭ་སོགས་སྒོ་བརྒྱབ་ཡོད་ན་ཡང་། རང་བཙན་ལས་འགུལ་བ་ཚོས་དཀའ་ངལ་ལ་གདོང་ལེན་བྱས་ནས་ནིའུ་ཡོག་ནས་ཨ་རིའི་རང་བཙན་གསལ་བསྒྲགས་སྤེལ་ས་ལ་ཡོང་ནས་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་འདུག ཉིན་དེར་རླུང་བུ་ལྡང་བ་དང་ཁ་བ་བབས་པ་བཅས་གནམ་གཤིས་གྲང་ངར་ཆེ་ཡང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་གཙོས་པའི་ས་གནས་ཁག་འདྲ་མིན་ནས་ཕེབས་པའི་རང་བཙན་ལས་འགུལ་བ་རྣམས་མཉམ་ཞུགས་ཀྱིས་དུས་དྲན་སྲུང་བརྩི་ལེགས་པོ་ཞུས་ཡོད་འདུག ལས་འགུལ་བ་ཐུབ་བསྟན་ཆོས་ཉིད་ཀྱིས་ཕྱི་ལོ་༢༠༢༣ ཟླ་༣ ཚེས་༡༠ ཉིན་ནས་ཨ་རིའི་མངའ་སྡེ་ཧྥི་ལ་ཌ་ཧྤེ་ཡར་ཡོད་པའི་རང་བཙན་ཚོགས་ཁང་མདུན་དུ་ལོ་གཅིག་རིང་གི་བོད་རང་བཙན་ཁུངས་སྐྱེལ་དང་རྒྱབ་སྐྱོར་འཚོལ་ཆེད་ཀྱི་ལས་འགུལ་སྤེལ་འགོ་བཙུགས་ནས་ད་བར་ལས་འགུལ་གྱི་ཉིན་༢༤༡ ཟིན་ཡོད་འདུག །
གསར་འགོད་པ། བློ་བཟང་རྒྱ་མཚོ།