ལས་འགུལ་བར་རྡུང་རྡེག་གཏོང་མཁན་རྒྱ་ནག་གི་དོན་གཅོད་མི་སྣ་དེ་ཚོ་དབྱིན་ཡུལ་ནས་ཐོན་འདུག

རྒྱ་ནག་གཞུང་གིས་དེ་སྔོན་དབྱིན་ཡུལ་ནང་དུ་ཧོང་ཀོང་གི་ལས་འགུལ་བ་ཞིག་ལ་རྡུང་རྡེག་གཏོང་མཁན་དོན་གཅོད་མི་སྣ་དྲུག་པོ་དེ་དག ཕྱིར་རྒྱ་ནག་ཏུ་ཕྱིར་ལོག་དགོས་པའི་བཀའ་བཏང་འདུག་པ་དང་། དེ་ནི་རྒྱ་ནག་གཞུང་གིས་དབྱིན་ཡུལ་དང་གནད་དོན་དེའི་ཐད་རྩོད་རྙོག་ཆེ་རུ་གཏོང་འདོད་མེད་པ་ཡིན་སྲིད་འདུག 

ཟླ་༡༢ པའི་ཚེས་༡༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དེ་སྔོན་ཟླ་༡༠ པའི་ཚེས་༡༦ ཉིན་དབྱིན་ཡུལ་གྱི་གྲོང་ཁྱེར་མན་ཆེ་སེ་ཀྲར་དུ་ཡོད་པའི་རྒྱ་ནག་གི་དོན་གཅོད་ཁང་གི་མདུན་དུ། ཧོང་ཀོང་གི་མང་གཙོ་ལས་འགུལ་བ་སོགས་མི་སྣ་༤༠ ཙམ་ཞིག་གིས་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་སྐབས། དོན་གཅོད་ཁང་ནས་ལས་བྱེད་ཁག་ཅིག་ཕྱིར་ཐོན་ནས། ལས་འགུལ་བ་ཞིག་དོན་གཅོད་ཁང་གི་ནང་དུ་བཙན་གྱིས་དྲུད་ནས་རྡུང་རྡེག་བཏང་རྐྱེན། ལས་འགུལ་བ་དེ་སྨན་ཁང་དུ་ཉལ་དགོས་པ་ཆགས་པའི་གནས་ཚུལ་ལྷགས་ཡོད་པ་རེད་འདུག 

སྐབས་དེར་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་སོགས་ཀྱིས་གནད་དོན་དེ་དང་འབྲེལ་ནས། རྒྱ་ནག་གི་དོན་གཅོད་མི་སྣ་ཚོའི་བྱེད་སྟངས་ལ་སྐྱོན་བརྗོད་ཆེན་པོ་བྱས་ཡོད་ཁར། མི་སྣ་དེ་དག་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་ཚབ་མི་སྣའི་དབང་ཚད་མེད་པ་བཟོས་ཏེ། ཉེན་རྟོག་པས་དྲི་རྩད་བྱེད་དགོས་པའི་དགོས་འདུན་བཏོན་པ་ལྟར། དབྱིན་ཡུལ་གཞུང་གིས་དོན་གཅོད་མི་སྣ་དྲུག་པོ་དེ་དག་ལ་བདུན་ཕྲག་འདིའི་ནང་གཞུང་ཚབ་མི་སྣའི་དབང་ཚད་མེད་པ་བཟོ་རྒྱུའི་བཀའ་བཏང་འདུག་པས། བདུན་ཕྲག་འདི་མ་རྫོགས་པའི་སྔོན་ནས་རྒྱ་ནག་གཞུང་གིས་དོན་གཅོད་མི་སྣ་དེ་དག་ཕྱིར་རྒྱ་ནག་ཏུ་ཡོང་དགོས་པའི་བཀའ་བཏང་ཡོད་འདུག 

དཔྱད་བརྗོད་པ་ཚོས་རྒྱ་ནག་གཞུང་གིས་གནད་དོན་དེ་དང་འབྲེལ་ནས། དབྱིན་གཞུང་དང་ལྷན་དུ་རྩོད་རྙོག་ཆེ་རུ་གཏོང་འདོད་མེད་རྐྱེན། དོན་གཅོད་མི་སྣ་དེ་དག་ཕྱིར་སྐད་བཏང་བ་ཡིན་སྐོར་བརྗོད་བཞིན་འདུག འོན་ཀྱང་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པས། མི་སྣ་དྲུག་པོ་དེ་དག་ཕྱིར་རྒྱ་ནག་ཏུ་ལོག་དགོས་པའི་རྒྱུ་མཚན་དེ། ཁོ་ཚོའི་ལས་ཡུན་ཚང་ཡོད་པས་ཡིན་པ། དེ་བཞིན་དབྱིན་ཡུལ་གཞུང་གིས་རྒྱ་ནག་གི་དོན་གཅོད་མི་སྣར་སྲུང་སྐྱོབ་བྱེད་ཐུབ་མེད་པས། དབྱིན་ཡུལ་གཞུང་ལ་གནད་དོན་དེའི་ཐད་ཞུ་གཏུག་བྱས་ཡོད་སྐོར་བརྗོད་འདུག 

མི་སྣ་དྲུག་པོ་དེ་དག་ཁོངས་ནས་མི་སྣ་གཅིག་ནི་དབྱིན་ཡུལ་ནང་དུ་རྒྱ་ནག་གི་གཞུང་ཚབ་མི་སྣ་རྒན་གྲས་ཤིག་ཡིན་པ་དང་། ལས་འགུལ་བར་རྡུང་རྡེག་གི་གནད་དོན་དང་འབྲེལ་ནས་བརྒྱུད་ལམ་ཁག་ཏུ་ཐོན་པའི་པར་དག་གི་ནང་དུ་ཁོང་གསལ་པོ་མཐོང་རྒྱུ་ཡོད་ཀྱང་། ཐོག་མར་ཁོང་གིས་རང་ཉིད་རྡུང་རྡེག་གཏོང་སྐབས་མཉམ་ཞུགས་བྱས་མེད་ཚུལ་བརྗོད་ནས་ངོས་ལེན་བྱས་མེད་འདུག རྗེས་སུ་ཁོས་གསར་འགོད་པ་ཚོར་ཁོང་གིས་ལས་རོགས་རྣམས་སྲུང་སྐྱོབ་བྱེད་ཆེད་དུ་གནད་དོན་དེའི་ནང་མཉམ་ཞུགས་བྱས་པ་ཡིན་པ། ལས་འགུལ་བ་དེས་རྒྱ་ནག་རྒྱལ་ཁབ་དང་དེའི་འགོ་ཁྲིད་ལ་ཚིག་རྩུབ་བརྗོད་ཡོད་པས། དེར་ཁ་གཏད་གཅོག་རྒྱུ་ཁོང་གི་ལས་འགན་ཡིན་སྐོར་སོགས་བརྗོད་ཡོད་པ་རེད་འདུག 

དབྱིན་གཞུང་གི་ཕྱི་སྲིད་དྲུང་ཆེ་ཡིས་དོན་གཅོད་མི་སྣ་དྲུག་པོ་དེ་དག་རྒྱ་ནག་ཏུ་ཕྱིར་སྐད་བཏང་ཟིན་པས། དེ་དག་ལ་ཉེས་ཆད་གཏོང་ཐབས་མེད་པས་བློ་ཕམ་ཡོད་ཚུལ་བརྗོད་འདུག 

རྡུང་རྡེག་ཕོག་ཡུལ་ལས་འགུལ་བ་དེས་ཁོང་རང་ཉིད་དང་ནང་མི་རྣམས་དབྱིན་ཡུལ་དུ་རང་དབང་ལོངས་སུ་སྤྱོད་ཆེད་དུ་ཡོང་བ་ཡིན་པ་དང་། ཁོང་ལ་བྱུང་བའི་གནད་དོན་དེ་ནི་ཁྲིམས་འགལ་དང་ངོས་ལེན་བྱེད་ཐབས་མེད་པ་ཞིག་ཡིན་ཡང་། དོན་གཅོད་མི་སྣ་དེ་དག་ཕྱིར་སྐད་བཏང་བ་དེ་ལ་བརྟེན་ནས་སེམས་ལྷོད་ལྷོད་ཆགས་ཡོད་པ། ཁོ་ཚོ་ཕྱིར་སྐད་བཏང་བ་དེ་ནི་གཞུང་གཉིས་བར་གྱི་མགོ་རྙོག་ཆེ་བའི་དཀའ་ངལ་སེལ་བའི་ཐབས་ལམ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||