ལིའུ་ཞའོ་ཡིས་རང་ཁྱིམ་ནས་འཆི་རྒྱུའི་གྲ་སྒྲིག་ཡིན་སྐོར་བརྗོད་འདུག
ཟླ་འདིའི་ཕྱི་ཚེས་༣ ཉིན་རྒྱ་ནག་གི་རྩོམ་པ་པོ་འདས་པོ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལིའུ་ཞའོ་པོའི་བཟའ་ཟླ་ལིའུ་ཞའོ་རྒྱ་ནག་གཞུང་གིས་རང་ཁྱིམ་དུ་བཀག་ཉར་བྱས་ནས་ལོ་ངོ་༨ སོང་རྗེས་སུ། མོས་དེར་ངོ་རྒོལ་དུ་རང་ཁྱིམ་ནས་འཆི་རྒྱུའི་གྲ་སྒྲིག་ཡིན་སྐོར་བརྗོད་པའི་སྒྲ་འཇུག་(Audio Recording) ཅིག་ཧོང་ཀོང་རང་དབང་གསར་ཁང་གིས་ཁྱབ་སྤེལ་བྱས་འདུག
དེ་ཡང་སྒྲ་འཇུག་དེ་ནི་ལིའུ་ཞོའོ་ཡིས་འཇར་མན་དུ་ཡོད་པའི་མོ་རང་གི་གྲོགས་པོ་རྒྱ་ནག་གི་ཆབ་སྲིད་བཙོན་ཟུར་ལིའུ་ཡཱི་ཝུ་ལ། ཁ་པར་བརྒྱུད་བཤད་པའི་སྐད་ཆ་ཡིན་འདུག་ཅིང་། དེའི་ནང་“གསོན་པ་ལས་འཆི་རྒྱུ་ལས་སླ་ས་རེད། ང་ལ་མཚོན་ན་ཚེ་སྲོག་བློས་གཏོང་གིས་ངོ་རྒོལ་བྱ་རྒྱུ་ལས་ལས་སླ་བ་གང་ཡང་མེད་”ཅེས་དང་། “ང་ཤི་སོང་ན་ཐམས་ཅད་འཇུག་རྫོགས་པ་རེད་”ཅེས་བརྗོད་འདུག་པ་མ་ཟད། ལིའུ་ཞའོས་དེ་སྔོན་མོ་རང་ཕྱི་རྒྱལ་དུ་འགྲོ་རྒྱུར་གྲ་སྒྲིག་བྱས་ཏེ་ཅ་དངོས་བསྡུ་གསོག་བྱས་ཟིན་སྐོར་སོགས་བརྗོད་འདུག
རྒྱ་ནག་གི་ཆབ་སྲིད་བཙོན་ཟུར་ལིའུ་ཡཱི་ཝུས་སྐད་ཆ་ཚང་མ་སྒྲ་འཇུག་བྱས་ནས། མོ་རང་གི་ཆོག་མཆན་དང་བཅས་ཁྱབ་སྤེལ་བྱས་འདུག་ཅིང་། སྒྲ་འཇུག་གི་དུས་ཚོད་ཕལ་ཆེ་བའི་ནང་ལིའུ་ཞའོ་སེམས་སྡུག་ཆེན་པོའི་སྒོ་ནས་ངུ་བཞིན་འདུག
ཕྱི་ལོ་༢༠༡༠ ལོར་ལིའུ་ཞའོ་པོ་རྒྱ་གཞུང་གི་བཙོན་ཁང་དུ་ཡོད་སྐབས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་ནས་བཟུང་། ཁོང་གི་བཟའ་ཟླ་ལིའུ་ཞའོ་ཡང་རང་ཁྱིམ་དུ་བཀག་ཉར་བྱས་ཡོད་ཀྱང་། ད་བར་མོ་ལ་བཀག་ཉར་དེ་ལྟར་བྱེད་དོན་གྱི་སྐོར་ལ་འགྲེལ་བརྗོད་གང་ཡང་བྱས་མེད་པ་དང་། ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱིས་ཞི་ཅིན་ཕིང་གི་སྲིད་གཞུང་ལ་ལིའི་ཞའོ་ཕྱི་ཕྱོགས་སུ་འགྲོ་བསྐྱོད་བྱེད་འཇུག་རྒྱུའི་འབོད་བརྡ་བཏང་ཡོད་འདུག་པ་མ་ཟད། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་སོགས་འགྲོ་བ་མིིའི་ཐོབ་ཐང་ཚོགས་པ་ཁག་དང་། འཛམ་གླིང་གི་རྒྱལ་ཁབ་ཁག་གིས་ལིའུ་ཞའོ་ཡི་རང་དབང་ཐད་འབོད་སྐུལ་བྱས་དང་བྱེད་མུས་ཡིན་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།