ལུང་སྔོན་དགོན་པའི་མཚན་ཐོག་གི་གསལ་བསྒྲགས་ཡི་གེ་དེ་ཆ་འཇོག་འཕེལ་བ་ཞིག་མིན་པ་འགྲེལ་བརྗོད་གནང་བྱུང་།

ཟླ་འདིའི་ཚེས་༢༠ ཉིན། སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་སྐུ་ཕུང་ཝེ་ཐི་ནམ་དུ་གསང་བའི་ཐོག་ནས་ཞུགས་འབུལ་ཞུས་རྗེས། ཟླ་འདིའི་ཚེས་༢༡ ཉིན། ལུང་སྔོན་དགོན་ཐུབ་བསྟན་ཆོས་འཁོར་གླིང་དམངས་དམ་ཁང་ཞེས་པའི་མིང་ཐོག་ནས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་རིན་པོ་ཆེ་མཆོག་གི་ཐུགས་ལྗགས་སྤྱན་གསུམ་དང་གདུང་རུས་གདུང་ཐལ་བཅས་དགོན་པ་ལ་སྤྱན་དྲངས་ཡོད་ཚུལ་སོགས་རྒྱ་གཞུང་གི་གནོན་ཤུགས་འོག་བྲིས་པར་མངོན་པའི་གསལ་བསྒྲགས་ཤིག་སྤེལ་འདུག

གནད་དོན་དེའི་སྐོར་འདི་གའི་་གསར་འགོད་པས་ཁ་པར་བརྒྱུད་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལ། རིན་པོ་ཆེའི་གདུང་ཐལ་བོད་ལ་སྤྱན་དྲངས་ཡོད་མེད་དང་། ཝེ་ཐི་ནམ་ལ་ཕེབས་པའི་དགོན་པའི་གྲྭ་པ་ལྔ་ཕྱིར་དགོན་པར་ལོག་ཐུབ་ཡོད་མེད་དྲིས་པར། ཁོང་གིས་ད་ལྟའི་བར་དུ་གནས་ཚུལ་ཤེས་རྟོགས་གང་ཡང་བྱུང་མ་སོང་། དགོན་པ་ལ་འབྲེལ་ལ་གང་ཡང་བྱེད་ཐུབ་ཀྱི་ཡོད་མ་རེད། གྲྭ་པ་ལྔ་དེ་ཕར་འགྲོ་སོང་བ་དེ་བདེན་པ་རེད་བཞག ཁོང་རྣམ་པས་གདུང་རྟེན་ཞིག་འཁྱེར་ཐུབ་ཡོད་ན་མེད་ན་ཁུངས་ལྡན་གྱི་གནས་ཚུལ་ཞིག་གསལ་བསྒྲགས་དེའི་ནང་བྲིས་པ་ཙམ་ཞིག་མ་གཏོགས་བརྒྱུད་ལམ་གཞན་ནས། སྐུ་ཕུང་ཞུགས་འབུལ་རྗེས་གདུང་རུས་དང་གདུང་ཐལ་སོགས་ག་རེ་གདན་འདྲེན་ཞུས་ཡོད་པ་དང་མེད་པ་གཉིས་ཀ་ཤེས་རྟོགས་བྱུང་མ་སོང་ཞེས་དང་། གསལ་བསྒྲགས་ཀྱང་སྔ་ཕྱི་གཉིས་སྤེལ་བའི་ནང་། གྲོང་ཁྱེར་ཧོ་ཅི་མིན་དང་ཝེ་ཐེ་ནམ་ཞེས་པའི་དག་ཆ་འབྲི་སྟངས་མི་མཚུངས་པ་མ་ཟད། གསལ་བསྒྲགས་གཅིག་ཤོག་བུ་སྐྱ་བོ་ཞིག་གི་སྟེང་བྲིས་ཡོད་པ་དང་གཞན་དེ་ལུང་སྔོན་དགོན་པའི་ལས་ཤོག་གི་སྟེང་དུ་བྲིས་ནས་སྤེལ་ཡོད་པ་མ་ཟད། ཡིག་གཟུགས་དང་སྤེལ་མཁན་གྱི་མིང་ཡང་འདྲ་ཡི་མི་འདུག གང་ལྟར་ཡི་གེ་དེ་ཆ་འཇོག་འཕེལ་བ་ཞིག་མ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།

གསལ་བསྒྲགས་དེར་རྒྱ་གཞུང་དང་ཝེ་ཐི་ནམ་གཞུང་གིས་རོགས་སྐྱོར་བྱས་ནས་བཀའ་དྲིན་ཆེན་པོ་ཡིན་ཚུལ་དང་གྲྭ་པ་ལྔའི་མཚན་འདོན། དེ་བཞིན་སྐུ་གདུང་ཞུགས་འབུལ་ཡང་རྗེ་ཉིད་ཀྱི་ཞལ་ཆེམས་ལྟར་སྟབས་བདེ་བྱས་པ། རིན་པོ་ཆེའི་ཐུགས་ལྗགས་སྤྱན་གསུམ་དགོན་པར་སྤྱན་དྲངས་ཚུལ། ད་དུང་རིན་པོ་ཆེའི་ཐུགས་བཞེད་བཞིན་དུ་འདས་མཆོད་སོགས་རྒྱ་ཆེན་གཟབ་རྒྱས་འཚོགས་འཆར་མིན་པས། དགོས་མེད་ཀྱི་འདུ་འཛི་དང་དད་ལྡན་རྣམས་ཐག་རིང་ནས་ཡོང་མི་དགོས་པ་སོགས་དོགས་པའི་གནས་ཀྱི་གནས་ཚུལ་མང་པོ་བཀོད་འདུག

སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གིས་བོད་ནང་དུ་སློབ་གྲྭ་ཁག་དང་བཤད་གྲྭ། ལག་རྩལ་དང་རིག་གནས་རྒྱུན་འཛིན་གྱི་ལྟེ་གནས་གཞན་སོགས་མང་པོ་ཞིག་བཙུགས་ཏེ། ཁོང་ནི་བོད་ཀྱི་བྱིས་པ་སྟོང་ཕྲག་མང་པོར་རིན་མེད་ཐོག་ཤེས་ཡོན་གྱི་གོ་སྐབས་སྩོལ་མཁན་ཞིག་གམ།   བོད་ཀྱི་ཆོས་དང་རིག་གཞུང་ཐད་མཛད་རྗེས་ཤིན་ཏུ་ཆེ་བའི་རླབས་ཆེན་གྱི་སྐྱེས་བུ་ཞིག་ཡིན་པ་དང་། ནམ་རྒྱུན་ནས་ཁ་རུ་ཁར་ཐུག་གནང་མཁན་ཞིག་ཡིན་འདུག་པ་བཞིན། དེ་སྔོན་རྒྱ་གཞུང་གིས་རྒྱལ་མཚན་ནོར་བུ་ཁོང་གི་དགོན་པར་ལྟ་སྐོར་གཏོང་སྐབས། ཁོང་གིས་ཁ་རུ་ཁར་ཐུག་ཐོག་བཀའ་མོལ་མང་པོ་གནང་ཡོད་འདུག་པ་སོགས་ཀྱིས། ཁོང་སྐུ་འཚོ་བཞུགས་སྐབས་རྒྱ་གཞུང་གིས་དུས་ཀུན་ཁོང་ལ་ཆབ་སྲིད་དང་འབྲེལ་བའི་སྐྱོན་འཛུགས་འདྲ་མིན་གྱིས་སྐུ་ངལ་སྤྲོད་ཀྱི་ཡོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།