ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་བཞི་པ།
༧རྒྱལ་བ་ཀརྨ་པས་དེང་གི་ཆར་སེམས་ཀྱི་དཀའ་ངལ་ཡོད་མཁན་མང་དུ་འགྲོ་བཞིན་ཡོད་པ་དང་། མ་འོངས་པར་མང་དུ་འགྲོ་ཉེན་འདུག་པས། ཤར་ནུབ་ཀྱི་མཁས་དབང་ཚོས་དེའི་ཐོག་ལ་གོ་བསྡུར་དང་། ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་གནང་དགོས་སྐོར་གསུངས་སོང་།
དེ་ཡང་ཟླ་འདིའི་ཚེས་༡༢ ཉིན་དྷ་ས་བོད་ཀྱི་སྨན་རྩིས་ཁང་གི་ཚོགས་ཁང་དུ། ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་བཞི་པའི་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་པ་དང་། དེར་སྐུ་མགྲོན་གཙོ་བོ་༧དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་དང་། དེ་མིན་གྱི་སྐུ་མགྲོན་པ་རྣམ་པ། སྨན་རྩིས་ཁང་གི་འགན་འཛིན་གཙོས་པའི་ལས་བྱེད་སློབ་མ། བོད་པ་དང་ཕྱི་རྒྱལ་གཏམ་བཤད་མཁན་དང་ཚོགས་ཞུགས་པ། བོད་ཁྱིམ་སེ་ལ་ཀུའི་སློབ་མ་ཁག་ཅིག་བཅས་མཉམ་ཞུགས་བྱས་སོང་།
ཐོག་མར་སྐུ་མགྲོན་གཙོ་བོ་དང་དམིགས་བསལ་སྐུ་མགྲོན་གཉིས་ཀྱིས། ལུས་སེམས་སྲོག་གི་བགྲོ་གླེང་ཐེངས་དང་པོ་དང་གཉིས་པའི་གསུང་བཤད་ཕྱོགས་སྒྲིག་གི་དེབ་གྲངས་གསུམ་དབུ་འབྱེད་གནང་སོང་།
དེ་རྗེས་སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་སྡེ་ཚན་གྱི་འགན་འཛིན་དགེ་བཤེས་བསྟན་པ་བཀྲ་ཤིས་ཀྱིས། ཚོགས་ཆེན་གྱི་ཕེབས་བསུའི་གཏམ་བཤད་ནང་ “དེ་རིང་གི་ཚོགས་ཆེན་འདི་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་བཞི་པ་དེ་ཆགས་ཡོད། འདས་པའི་ཚོགས་ཆེན་ཐེངས་གསུམ་འཚོགས་པའི་སྐབས་སོ་སོར་གསུང་བཤད་མཁན་དང་ཚོགས་བཅར་བ། བརྗོད་གཞི་སོགས་ཅུང་ཙམ་མི་འདྲ་ཡོད་པ་ལས། དམིགས་ཡུལ་གཙོ་བོ་འགྲོ་བ་མིའི་སེམས་ཁམས་དཀའ་ངལ་སེལ་ཐུབ་པ་བྱ་རྒྱུ་དེ་གཅིག་མཚུངས་ཡིན།” ཞེས་དང་། ཐེངས་འདིའི་བརྗོད་གཞི་ནི་སེམས་ངལ་གྱི་རྒྱུ་རྐྱེན་དང་བཅོས་ཐབས་སྐོར་ཡིན་པས། སེམས་ཀྱི་དཀའ་ངལ་དེ་ཛ་དྲག་དང་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ནང་རྡོག་ཁྲེས་ཆེན་པོ་ཞིག་ཏུ་གྱུར་ཡོད་པས། བཅོས་ཐབས་རྩལ་འདོན་བྱེད་དགོས་པ་དེ་ནི་བགྲོ་གླེང་འདིའི་དགོས་འདུན་དང་རེ་བ་ཉག་ཅིག་ཡིན་སྐོར་གསུངས་སོང་།
དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་གིས། ནང་པའི་སེམས་ཁམས་རིག་པའི་ལྟ་གྲུབ་དང་ནུབ་ཕྱོགས་ཀྱི་སེམས་ཁམས་རིག་པ་གཉིས་བར་བགྲོ་གླེང་བྱེད་རྒྱུ་དེ་ནི། ཐོག་མར་༧གོང་ས་མཆོག་གིས་དབུ་འཛུགས་གནང་ཡོད་སྐོར་དང་སྦྲགས་ནས། ༧གོང་ས་མཆོག་གི་བཀའ་སློབ་ཁག་ཅིག་ལུང་འདྲེན་གནང་སོང་། དེ་བཞིན་ཁོང་གིས་མ་འོངས་པར་བོད་པའི་སྤྱི་ཚོགས་ནང་སེམས་ཁམས་ཀྱི་འཕྲོད་བསྟེན་བཟང་དུ་འགྲོ་བའི་རེ་བ་ཡོད་པ་དང་། རྩ་བའི་བོད་པའི་སྤྱི་ཚོགས་ནང་ལ་ནུབ་ཕྱོགས་ཀྱི་སེམས་ནད་དྲན་ཤེས་ཉམས་པ་ལྟ་བུ་ཡོད་མཁན་མཐོང་མྱོང་མེད་པས། དེ་ཡང་ནང་པའི་ཆོས་ཀྱི་ཉམས་ལེན་དང་འབྲེལ་བ་ཡོད་པ་དྲན་གྱི་ཡོད་སྐོར་སོགས་གསུངས་སོང་།
སྐུ་མགྲོན་གཙོ་བོ་༧དཔལ་རྒྱལ་བ་ཀརྨ་པས། འགྲོ་བ་མིའི་ནང་སེམས་ཀྱི་བདེ་ཐང་ཆེད་དུ་ཤར་ནུབ་ཀྱི་མཁས་དབང་ཚང་མས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་གནང་རྒྱུ་གལ་ཆེན་ཡིན་པ། དྷ་སར་སེམས་དང་སྲོག་གི་ཚོགས་ཆེན་ཐེངས་ཁ་ཤས་༧གོང་ས་མཆོག་གི་ཕོ་བྲང་ནང་འཚོགས་ཡོད་པས། དེ་གར་ཕེབས་རྒྱུ་བྱུང་བས། སྐབས་དེར་སྔར་ཐོས་མ་མྱོང་བ་མང་པོ་ཞིག་ཐོས་པ་དང་། གནད་འགག་གསར་པ་མང་པོ་ཞིག་ཤེས་རྒྱུ་བྱུང་བས། དེས་མཐོང་རྒྱ་དང་ཐོས་རྒྱ་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཀྱི་ཡོད་པ་གཟིགས་བྱུང་བས། དེ་གར་ཚོགས་ཞུགས་པ་རྣམས་དང་སྨན་རྩིས་སློབ་མ་རྣམས་ཀྱིས། བོད་ཀྱི་ཆོས་དང་རིག་གཞུང་དེ་རྩ་ཆེན་པོ་དང་གཏིང་ཟབ་པོ། ཕན་ཐོགས་པོ་ཡོད་པ་དེ་མཁས་དབང་གི་བགྲོ་གླེང་སྐབས་སུ་ངེས་ཤེས་རྙེད་ཀྱི་རེད་དགོངས་ཀྱི་ཡོད་སྐོར་གསུངས་སོང་།
ཁོང་གིས་མུ་མཐུད་དུ་གསུང་དོན། དེང་གི་ཆར་ཕྱི་དངོས་པོའི་ཡར་རྒྱས་དང་ཟང་ཟིང་གི་དབྱིངས་བ་ལ་བརྟེན་ནས། སེམས་ངལ་གྱི་གནས་ཚུལ་མང་པོ་ཡོང་གི་ཡོད་པ་མ་ཟད། མ་འོངས་པར་གནས་ཚུལ་དེ་དག་མང་དུ་འགྲོ་རྒྱུ་ཡིན་པ་འདྲ་བོ་ཡོད་པ། དེ་བཞིན་སེམས་ཀྱི་དཀའ་ངལ་དེར་ནུབ་ཕྱོགས་ཀྱི་ཚན་རིག་དང་ལྟ་གྲུབ་ཀྱིས་ཞིབ་འཇུག་དང་། ཉམས་ལེན་བྱེད་ཀྱི་ཡོད་ཀྱང་། མཐིལ་ཕྱིན་པ་དང་འགན་ལེན་ཡོད་པ་ཞིག་ཡོང་རྒྱུ་ཁག་པོ་ཡིན་པ་འདྲ་བོ་འདུག་པས། དེའི་ཐོག་ལ་ནུབ་ཕྱོགས་དང་ཤར་ཕྱོགས་ཀྱི་ནང་ཆོས་སོགས་ཆོས་ལུགས་རྣམས་ཀྱི་བར་ལ། དམིགས་ཡུལ་གཙོ་བོ་འགྲོ་བ་མིའི་ཕན་བདེའམ་ལུས་སེམས་བདེ་ཐང་གཞི་ལ་བཞག་ནས། གོ་བསྡུར་དང་རིག་གཞུང་བརྗེ་ལེན་ལྟ་བུ་ཞིག་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།
བགྲོ་གླེང་ཚོགས་ཆེན་ཐེངས་བཞི་པ་དེ་ཟླ་འདིའི་ཚེས་༡༢ ནས་༡༤ བར་འཚོགས་རྒྱུ་ཡིན་པ་དང་། དེ་གར་གཏམ་བཤད་མཁན་བརྒྱད་ཀྱིས་གཏམ་བཤད་དང་། དེའི་ཐོག་བགྲོ་གླེང་བྱེད་རྒྱུ་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།