ལོ་གསར་པའི་ནང་དངུལ་འདོན་གྱི་ཚད་བཀག་མུ་མཐུད་གནས་སྲིད་པ།

རྒྱ་གར་གྱི་དངུལ་ལོར་གསར་བརྗེ་ཆེན་མོའི་དུས་ཚོད་དེ་ཟླ་༡༢ པའི་ཚེས་༣༠ ཉིན་མཇུག་བསྒྲིལ་རྒྱུ་ཡིན་པའི་གསལ་བསྒྲགས་ཡོངས་སུ་བསྒྲགས་ཡོད་ཀྱང་། ད་ལྟའི་གནས་བབ་ལ་གཞིགས་ན་དངུལ་འདོན་ཚད་བཀག་དེ་ལོ་གསར་པའི་ནང་མུ་མཐུད་གནས་སྲིད་པ་རེད་འདུག

15151592_1322836721073527_841239807_nཟླ་འདིའི་ཚེས་༢༥ ཉིན་རྒྱ་གར་གྱི་དུས་བབ་སྟེང་དུ་གནས་ཚུལ་བཀོད་གསལ། དངུལ་ཁང་ནས་བདུན་རེར་ཧིན་སྒོར་མང་ཤོས་༢༥༠༠༠ དང་དངུལ་འདོན་འཕྲུལ་ཆས་ལས་ཉིན་རེར་ཧིན་སྒོར་མང་ཤོས་༢༥༠༠ རེ་འདོན་ཆོག་པའི་ཚད་བཀག་དེ་ལོ་གསར་པའི་ནང་མུ་མཐུད་གནས་སྲིད་པ་དང་། དེ་ཡང་རྒྱ་གར་དབུས་དངུལ་ཁང་གིས་དངུལ་གྱི་དགོས་མཁོ་ལ་གཞིགས་པའི་དངུལ་ལོར་གསར་པ་པར་སྐྲུན་དང་མཁོ་སྤྲོད་བྱེད་ཐུབ་ཀྱི་མེད་པས་རེད་འདུག

དེ་བཞིན་ད་ལྟའི་ཆར་དངུལ་ཁང་མང་པོ་ཞིག་གིས་མི་གཅིག་གིས་བདུན་རེར་ཧིན་སྒོར་མང་ཤོས་༢༥༠༠༠ འདོན་རྒྱུ་ཡོད་པ་དེ་ཡང་མཁོ་སྤྲོད་བྱེད་ཐུབ་ཀྱི་མེད་པ་དང་། དངུལ་ཉུང་དྲགས་པའི་རྐྱེན་གྱིས་དངུལ་ག་ཚོད་ཡོད་མེད་ལ་གཞིགས་ནས་ཚད་བཀག་གསར་པ་བཟོས་ནས་མི་མང་ལ་སྤྲོད་ཀྱི་ཡོད་འདུག དེ་བཞིན་དངུལ་ཁང་མང་པོ་ཞིག་མི་སྒེར་གྱི་དངུལ་གྱི་དགོས་མཁོ་དང་བསྟུན་ཐུབ་ཀྱི་མེད་ཁར། ཚོང་ལས་ཁང་ཆེ་ཁག་རྣམས་ལ་དངུལ་གྱི་དགོས་མཁོར་བསྟུན་ཐུབ་ཐབས་བྲལ་བ་ཆགས་བཞིན་ཡོད་འདུག

རྒྱ་གར་རྒྱལ་ཡོངས་ཀྱི་དངུལ་ཁང་གི་འགན་འཛིན་གྱིས་དངུལ་ཁང་ཁག་ལ་དངུལ་གྱི་མཁོ་སྤྲོད་མང་པོ་བྱེད་ཐུབ་ན་མ་གཏོགས། དངུལ་འདོན་གྱི་ཚད་བཀག་དེ་མེད་པ་བཟོ་ཐུབ་རྒྱུ་ཁག་པོ་ཡིན་སྐོར་བརྗོད་ཡོད་འདུག་པ་དང་། རྒྱ་གར་དབུས་གཞུང་དང་དབུས་དངུལ་ཁང་གཉིས་ཀྱིས་ད་ལྟའི་ཆར། དངུལ་འདོན་གྱི་ཚད་བཀག་དེ་ག་དུས་མེད་པ་བཟོ་རྒྱུ་ཡིན་སྐོར་བརྗོད་མེད་ཁར། དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཡིག་གིས། ཟླ་༡༢ པའི་ཚེས་༣༠ རྗེས་དངུལ་འདོན་ཚད་བཀག་དེ་བསྐྱར་ཞིབ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

ཟླ་༡༡ པའི་ཚེས་༩ ནས་ཟླ་༡༢ པའི་ཚེས་༡༩ བར་རྒྱ་གར་དབུས་དངུལ་ཁང་དངུལ་ལོར་རྙིང་པ་བེད་མེད་བཟོས་པའི་ཁ་གྲངས་དང་དངུལ་ལོར་གསར་པ་པར་སྐྲུན་བྱས་ནས། དངུལ་ཁང་ཁག་ལ་མཁོ་སྤྲོད་བྱས་པའི་བར། ལྡབ་གསུམ་གྱི་ཁྱད་པར་ཡོད་འདུག་པས། དངུལ་མི་འདང་བའི་དཀའ་ངལ་འཕྲད་བཞིན་ཡོད་འདུག

ཟླ་༡༡ པའི་ཚེས་༨ ཉིན་རྒྱ་གར་གྱི་སྲིད་བློན་མོ་ཌིས་རྒྱ་གར་གྱི་ཧིན་སྒོར་༥༠༠ དང་༡༠༠༠ ལོར་ཁྲོམ་རར་གཏོང་ལེན་མེད་པ་བཟོས་པའི་གསལ་བསྒྲགས་བྱས་པ་དང་། དེ་ཡང་ དངུལ་བརྗེ་ལེན་དང་ནང་འཇུག་གི་དུས་ཚོད་ཉིན་ལྔ་བཅུ་ཡོད་པ་དེའི་རིང་དངུལ་ཁང་ནང་དུ་ཧིན་སྒོར་འབུམ་གཉིས་དང་ཁྲི་ལྔ་ལས་མང་བ་བཅུག་ཚེ། ཐོག་མར་དོ་བདག་དེ་དག་གི་ཡོང་འབབ་ཀྱི་རྩིས་ཁྲ་ཐོ་བཀོད་དང་དངུལ་དེ་དག་གྲང་ཀ་མཐུན་གྱི་ཡོད་མེད་ཞིབ་འཇུག་བྱ་རྒྱུ་དང་། གལ་ཏེ་མ་མཐུན་ཚེ་དེའི་རིགས་དཔྱ་ཁྲལ་གཡོལ་བའི་གནས་ཚུལ་ལ་གཞིར་བཞག་ནས། དཔྱ་ཁྲལ་ག་ཚོད་སྤྲོད་དགོས་པའི་དངུལ་དང་དཔྱ་དངུལ་གྱི་གྲངས་འབོར་དེའི་བརྒྱ་ཆ་༢༠༠ ཡི་ཆད་པ་གཅོད་རྒྱུ་ཡིན་སྐོར་རྒྱ་གར་གཞུང་གི་དཔྱ་ཁྲལ་ལས་ཁུངས་ཀྱིས་ཁྱབ་བསྒྲགས་བྱས་ཡོད་པ་རེད། དེ་ཡང་སྲིད་བློན་མོ་ཌི་ཡིས་ལས་འགུལ་དེས་རྒྱ་གར་ནང་ལྐོག་ཟ་རུལ་སུངས་ཀྱི་དངུལ་རྣམས་རྩ་མེད་བཟོ་ཆེད་དང་། དཔལ་འབྱོར་ཡར་རྒྱས་འགྲོ་ཆེད་ཡིན་སྐོར་བརྗོད་ཡོད་པ་རེད། དེ་ལ་བརྟེན་ནས་དངུལ་ཁང་ནས་དངུལ་འདོན་དང་བརྗེ་ལེན་ཆེད་མི་མང་པོར་དཀའ་ངལ་དང། ཚེ་སྲོག་ཤོར་བ་ཡང་མང་པོ་བྱུང་ཡོད་པ་རེད། དེ་བཞིན་དངུལ་ལོར་གསར་པ་༢༠༠༠ ལོར་རྫུན་མ་བཟོ་མཁན་དང་། དངུལ་གསར་རྙིང་ས་ཡ་མང་པོ་བདག་བཟུང་བྱེད་མཁན་མི་སྣ་མང་པོ་ཡང་འཇུ་བཟུང་ཐུབ་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།