ལོ་ངོ་༡༢ རྗེས་སུ་ལྷོ་ཀོ་རི་ཡའི་འགོ་ཁྲིད་ཐེངས་དང་པོར་ཉི་ཧོང་དུ་སླེབས་འདུག 

བྱང་ཀོ་རི་ཡ་དང་རྒྱ་ནག་གཉིས་ནས་ཉེན་ཁ་ཆེ་རུ་འགྲོ་བཞིན་པ་དང་བསྟུན། ལྷོ་ཀོ་རི་ཡ་དང་ཉི་ཧོང་གཉིས་ཀྱིས་འབྲེལ་ལམ་ཡག་ཏུ་གཏོང་ཐབས་བྱེད་བཞིན་འདུག་པ་དང་། རྒྱལ་ཁབ་དེ་གཉིས་ནི་ཨེ་ཤི་ཡའི་ཁུལ་དུ་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་གལ་ཆེན་གཉིས་ཆགས་ཀྱི་ཡོད་པ་རེད། 

ཟླ་༣ པའི་ཚེས་༡༦ ཉིན་ལྷོ་ཀོ་རི་ཡའི་སྲིད་འཛིན་ཡཱོན་སུག་ཡུལ་ཉི་ཧོང་གི་རྒྱལ་ས་ཊོག་ཡོོར་གཞུང་འབྲེལ་ཕྱོགས་ཕེབས་སུ་འབྱོར་འདུག་པ་དང་། ཕྱོགས་ཕེབས་དེ་ནི་ལོ་ངོ་༡༢ ཀྱི་རྗེས་སུ་ཐེངས་དང་པོར་ལྷོ་ཀོ་རི་ཡའི་སྲིད་འཛིན་ཞིག་ཉི་ཧོང་དུ་སླེབས་པ་ཆགས་འདུག 

དེ་ཡང་ཕྱི་ལོ་༡༩༡༠ ནས་༡༩༤༥ བར་ཉི་ཧོང་གིས་ཀོ་རི་ཡ་བཙན་བཟུང་བྱས་པའི་སྐབས་སུ། ཉི་ཧོང་གིས་ཀོ་རི་ཡ་མི་མང་ལ་བཙན་དབང་ཐོག་ནས་ངལ་རྩོལ་བྱེད་དུ་བཅུག་པ་དང་བུད་མེད་རྣམས་འཁྲིག་སྤྱོད་ཀྱི་བྲན་གཡོག་བཟོས་པ་སོགས་བཙན་གནོན་སྡུག་སྦྱོང་ཤུགས་ཆེན་བྱས་རྐྱེན། ལྷོ་ཀོ་རི་ཡ་མི་མང་གིས་ཉི་ཧོང་ལ་འཁོན་འཛིན་ཆེན་པོ་བྱེད་ཀྱི་ཡོད་པ་རེད་དེ། ཉེ་བའི་ལོ་ཤས་རིང་ནས་ཕྱོགས་གཉིས་ཀྱི་འགོ་ཁྲིད་ཚོས་མངའ་ཁུལ་གྱི་བདེ་འཇགས་དང་དཔལ་འབྱོར་སོགས་ཀྱི་གནས་སྟངས་ལ་བརྟེན་ནས། འབྲེལ་ལམ་བཟང་དུ་གཏོང་ཐབས་བྱེད་ཀྱི་ཡོད་པ་རེད་འདུག 

དཔྱད་བརྗོད་པ་ཚོས་བརྗོད་དོན་ལྟར་ན། ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་རྒྱལ་ནང་དུ་མི་མང་གིས་ཉི་ཧོང་ལ་འཁོན་འཛིན་ཆེན་པོ་བྱེད་ཀྱི་ཡོད་མེད་ལ་མ་ལྟོས་པར། ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཡག་ཏུ་གཏོང་ཐབས་བྱེད་དགོས་པའི་རྒྱུ་མཚན་ནི། བྱང་ཀོ་རི་ཡའི་རྡུལ་མཚོན་ལས་གཞིའི་ཉེན་ཁ་ལ་ཁ་གཏད་གཅོག་ཆེད་གཅིག་པུ་མིན་པར། རྒྱ་ནག་གི་བྱ་སྤྱོད་ལ་བརྟེན་ནས་ལྷོ་ཀོ་རི་ཡར་ཉེན་ཁ་ཆེན་པོ་ཞིག་མཐོང་གི་ཡོད་པས། རྒྱལ་ཁབ་ཀྱི་བདེ་འཇགས་ཆེད་དུ་ཉི་ཧོང་དང་མཉམ་ལས་སོགས་ཡག་ཏུ་གཏོང་ཐབས་བྱེད་བཞིན་ཡོད་སྐོར་བརྗོད་འདུག 

ལྷོ་ཀོ་རི་ཡ་མི་མང་ནང་དུ་ཉི་ཧོང་ལ་ལྟ་ཚུལ་བཟང་དུ་གཏོང་ཆེད་དུ། ཉེ་ཆར་ཟླ་༣ པའི་ཚེས་༡ ཉིན་ལྷོ་ཀོ་རི་ཡས་ཉི་ཧོང་གི་བཙན་བཟུང་ལ་ངོ་རྒོལ་ལས་འགུལ་སྤེལ་བའི་དུས་དྲན་ཐེངས་༡༠༤ ཡི་ཐོག་ཏུ། ལྷོ་ཀོ་རི་ཡའི་སྲིད་འཛིན་ཡཱོན་སུག་ཡུལ་གྱིས་སྔ་མོ་ཉི་ཧོང་ནི་དམག་ཤུགས་ཐོག་ནས་བཙན་འཛུལ་བྱེད་མཁན་ཞིག་ཡིན་ཡང་། དེང་སང་རིན་ཐང་གི་ལྟ་བ་གཅིག་མཚུངས་འཛིན་མཁན་གྱི་མཐུན་གྲོགས་ཤིག་ཆགས་ཡོད་སྐོར་བརྗོད་འདུག 

ཨ་རིས་རྒྱ་ནག་དང་བྱང་ཀོ་རི་གཉིས་ལ་ཁ་གཏད་གཅོག་ཆེད་དུ། ལྷོ་ཀོ་རི་ཡ་དང་ཉི་ཧོང་གཉིས་ཀྱི་འབྲེལ་ལམ་ཡག་ཏུ་འགྲོ་རྒྱུ་གལ་ཆེན་བརྩི་ཡི་ཡོད་པས། དངོས་ཤུགས་བརྒྱུད་གསུམ་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡག་ཏུ་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:

Leave a Reply