ལོ་ངོ་༢༤ རིང་འཚོལ་ཞིབ་བྱས་པའི་རྗེས་སུ་རྐུན་ལ་ཤོར་བའི་བུ་དང་ནང་མི་བསྐྱར་འཛོམས། 

རྒྱ་ནག་ནང་ལོ་ངོ་༢༤ གོང་རྐུན་ལ་ཤོར་བའི་བུ་དང་ནང་མི་བསྐྱར་འཛོམས་ཐུབ་པ་བྱུང་བའི་གནས་ཚུལ་ཞིག་བརྒྱུད་ལམ་ཁག་ཏུ་ཁྱབ་སྤེལ་ཆེན་པོ་འགྲོ་བཞིན་འདུག་པ་དང་། བུ་དེའི་ཕ་རྒན་གྱིས་ལོ་མང་རིང་འཚོལ་ཞིབ་བྱས་ཡོད་པའི་ལོ་རྒྱུས་ལ་གཞིགས་ནས། དེ་སྔོན་རྒྱ་ནག་ནང་གློག་བརྙན་ཞིག་ཀྱང་བཟོས་ཡོད་པ་རེད་འདུག 

ཟླ་༧ པའི་ཚེས་༡༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཕྱི་ལོ་༡༩༩༧ ལོར་རྒྱ་ནག་ནང་དུ་རང་ལོ་༢ ཡིན་པའི་བུ་གྷའོ་ཛེན་ཀྲན་ཞེས་པ་ཞིག་རང་གི་ཁྱིམ་གྱི་འགྲམ་ནས་བོར་བརླག་སོང་འདུག་པ་དང་། སྐབས་དེར་ཁོའི་ཕ་མ་གཉིས་ཀྱིས་ཉེན་རྟོག་པར་རྒྱུས་མངའ་མེད་པའི་བུད་མེད་གཅིག་གིས་ཁོ་གཉིས་ཀྱི་བུ་རྐུ་འཁྱེར་བྱས་ཡོད་པ་སྙན་སེང་ཞུས་འདུག་ཀྱང་། སྐབས་དེར་འཕྲུལ་ཆས་སོགས་དེང་དུས་དང་འདྲ་བར་ཡར་རྒྱས་སོང་མེད་པས། བུ་ཕྲུག་གི་ཁྲག་དང་རིགས་རྒྱུད་སོགས་ཀྱི་དཔེ་ཚད་བླངས་པ་ལས་དེ་ལ་བརྟེན་ནས་འཚོལ་ཞིབ་བྱེད་ཐུབ་མེད་འདུག 

འོན་ཀྱང་བུ་དེའི་ཕ་རྒན་གྱིས་ལོ་ངོ་༢༤ རིང་འཚོལ་ཞིབ་མཚམས་འཇོག་བྱས་མེད་པ་དང་། རྒྱ་ནག་གི་ཞིང་ཆེན་ཆེ་ཁག་མང་ཆེ་བར་སྦག་སྦག་བཏང་ནས་འཚོལ་ཞིབ་བྱས་ཡོད་འདུག་པ་དང་། འཚོལ་ཞིབ་ཁྲོད་རྒྱང་ཐག་ཀི་ལོ་མི་ཊར་འབུམ་༥ ལྷག་འགྲོ་སྐྱོད་བྱས་ནས། སྦག་སྦག་༡༠ བེད་སྤྱོད་གཏོང་དགོས་བྱུང་ཡོད་འདུག ཕ་རྒན་དེས་རང་གི་བུ་འཚོལ་ཞིབ་ཁྲོད་དུ་རྐུ་འཁྱེར་སོང་བའི་བྱིས་པ་༡༠༠ ལས་མང་བ་རྙེད་སོན་བྱུང་ནས་ནང་མི་དང་བསྐྱར་འཛོམས་བྱེད་ཐུབ་པ་བྱུང་ཡོད་འདུག ཕྱི་ལོ་༢༠༡༥ ལོར་ཁོང་གི་ལོ་རྒྱུས་ལ་གཞིགས་པའི་བོར་བརླག་དང་བརྩེ་བ་ཞེས་པའི་གློག་བརྙན་ཞིག་བཟོས་ནས་འགྲེམས་སྤེལ་བྱས་རྗེས། རྒྱ་ནག་ནང་དུ་ཁོང་གི་འཚོལ་ཞིབ་ལ་དོ་སྣང་ཆེན་པོ་སླེབས་ཡོད་པ་རེད། 

ཉེན་རྟོག་པས་བརྗོད་དོན་ལྟར་ན། ཁོ་ཚོས་བུ་ཕྲུག་དེ་འཚོལ་ཞིབ་ནམ་ཡང་མཚམས་འཇོག་བྱས་མེད་པ་དང་། ཉེ་ཆར་རིགས་རྒྱུད་དཔྱད་ཞིབ་དང་གདོང་རིས་གཤིབ་བསྡུར་བྱེད་པའི་དེང་དུས་ཀྱི་འཕྲུལ་ཆས་བེད་སྤྱོད་བྱས་པ་བརྒྱུད། རྐུ་འཁྱེར་སོང་བའི་བུ་དེ་དང་མཐུན་པའི་མི་ཞིག་རྙེད་སོན་བྱུང་ཡོད་འདུག  རྗེས་སུ་མི་དེའི་རིགས་རྒྱུད་དཔྱད་ཞིབ་བྱས་པ་བརྒྱུད་ལོ་ངོ་༢༤ སྔོན་རྐུ་འཁྱེར་སོང་བའི་བུ་དེ་ཡིན་པ་ར་འཕྲོད་བྱུང་ཡོད་ཁར། ཕྲུ་གུ་རྐུ་འཁྱེར་བྱས་ནས་ཚོང་རྒྱག་མཁན་བུད་མེད་གཅིག་དང་སྐྱེས་པ་གཅིག་འཛིན་བཟུང་ཐུབ་ཡོད་འདུག 

ཉེས་ཅན་པ་དེ་གཉིས་ཀྱིས་བུ་ཕྲུག་དེ་རྐུ་འཁྱེར་བྱས་ནས་གཞན་ལ་བཙོང་བ་ངོས་ལེན་བྱས་ཡོད་ན་ཡང་། ད་ལྟའི་ཆར་བུ་ཕྲུག་དེ་སུ་ལ་བཙོང་ཡོད་མེད་དང་ཁོ་སྐྱེ་སྲིང་གང་འདྲ་བྱུང་ཡོད་མེད་སོགས་ཀྱི་ཐོག་ལ་ཞིབ་ཕྲའི་གནས་ཚུལ་ཕྱིར་བསྒྲགས་བྱས་མེད་པ་རེད། 

དཔྱད་བརྗོད་པ་ཁག་ཅིག་གིས་བརྗོད་དོན་ལྟར་ན། དེ་སྔོན་རྒྱ་ནག་གི་ཕྲུ་གུ་གཅིག་གི་སྲིད་བྱུས་ལ་བརྟེན་ནས། ཕ་མ་མང་པོ་ཞིག་གིས་ཕྲུ་གུ་བུ་གཅིག་ཡོད་པར་འདོད་མོས་བྱེད་ཀྱི་ཡོད་རྐྱེན། ཕྲུ་གུ་བུ་བཙོང་བའི་ཁྲིམས་འགལ་གྱི་ཚོང་ཆེ་རུ་སོང་ཡོད་ཁར། ཕྲུ་གུ་བུ་མོ་མང་པོ་ཞིག་ཕྱི་རྒྱལ་ཁག་ཏུ་གསོས་ཕྲུག་ཉར་མཁན་གི་ཕ་མ་རྣམས་ལ་བཙོང་གི་ཡོད་འདུག དེ་སྔོན་ཡིན་ན་རྐུ་འཁྱེར་སོང་བའི་ཕྲུ་གུའི་ཕ་མ་མང་པོ་ཞིག་ལ་རང་གི་ཕྲུ་གུ་རྙེད་སོན་ནམ་ཡང་ཐུབ་ཀྱི་མེད་ཀྱང་། དེང་གི་ཆར་འཕྲུལ་ཆས་སོགས་ཡར་རྒྱས་ལ་བརྟེན་ནས་རྐུ་འཁྱེར་སོང་བའི་ཕྲུ་གུ་མང་པོ་ཞིག་ཕ་མ་དང་བསྐྱར་འཛོམས་བྱེད་ཐུབ་ཀྱི་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།