ལོ་ངོ་༦༠ ཡི་རྗེས་ལ་ཐེངས་དང་པོར་ལྷ་ཁང་གསར་པ་ཞིག་སྒོ་ཕྱེ་འདུག

དམར་ཤོག་རྒྱལ་ཁབ་ཁེའུ་བྷ་ཡི་དམར་ཤོག་གསར་བརྗེ་ཆེན་མོ་འགོ་བཙུགས་ནས་ལོ་ངོ་༦༠ སོང་རྗེས། ཐེངས་དང་པོར་རྒྱལ་ཁབ་དེའི་ནང་ཡེ་ཤུ་ཁེ་ཐོ་ལེག་ལྷ་ཁང་གསར་པ་ཞིག་སྒོ་ཕྱེས་ནས། གུ་ཡངས་ཀྱི་རྣམ་པ་གསར་པ་ཞིག་ཐོན་འདུག

ཟླ་༡ པོའི་ཚེས་༢༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༡ པོའི་ཚེས་༢༦ ཉིན་ཁེའི་བྷ་(Cuba) རྒྱལ་ཁབ་ནང་དུ། ཡེ་ཤུ་ཁེ་ཐོ་ལེག་གི་ལྷ་ཁང་གསར་པ་ཞིག་གསར་རྒྱག་གི་ལས་གཞི་གྲུབ་ནས་སྒོ་ཕྱེ་འདུག་པ་དང་། ཆོས་ལུགས་དེའི་རྗེས་འབྲངས་པ་མང་པོ་ཞིག་གིས་མིག་ཆུ་བཏང་ནས་དཀོན་མཆོག་ལ་གསོལ་བ་བཏབ་འདུག ལྷ་ཁང་དེ་ཡང་ལོ་ངོ་༦༠ ཡི་ནང་ཡེ་ཤུ་ལྷ་ཁང་གསར་པ་ཆེས་ཐོག་མར་དེ་ཡིན་འདུག

དེ་ཡང་ཕྱི་ལོ་༡༩༥༩ ལོར་ཁེའུ་བྷའི་དམར་ཤོག་གི་གསར་བརྗེ་ཆེན་མོ་འགོ་བཙུགས་ནས་བཟུང་། རྒྱལ་ཁབ་དེའི་ནང་ཆོས་ལུགས་པ་ལ་དམ་དྲག་ཆེན་པོ་བྱས་པ་མ་ཟད། ཁེ་ཐོ་ལེག་ཆོས་ལུགས་དེ་ཉེན་ཁ་ཆེན་པོར་བརྩིས་ནས། ཆོས་ཀྱི་སློབ་གྲྭ་རྣམས་སྒོ་བརྒྱབ་པ་མ་ཟད། ཆོས་དཔོན་རྣམས་སློབ་གསོ་བཅོས་བསྒྱུར་གྱི་སྡོད་སྒར་ཁག་ཏུ་བཏང་བ་སོགས་བྱས་འདུག འོན་ཀྱང་ཕྱི་ལོ་༡༩༩༡ ལོར་ཁེའུ་བྷའི་མཐུན་ཕྱོགས་རྒྱལ་ཁབ་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཁ་འཐོར་སོང་རྗེས། ཁེའུ་བྷ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཟུར་དུ་མི་ལྷག་པའི་ཆེད་དུ། ཡེ་ཤུ་བླ་དཔོན་གདན་དྲངས་པ་དང་ཡེ་ཤུ་སྟོན་པའི་འཁྲུངས་སྐར་ཉིན་མོ་དེ་རྒྱལ་ཁབ་ཀྱི་གུང་གསེང་ཁོངས་སུ་བཅུག་པ་སོགས་བྱས་འདུག་པ་དང་། ཕྱི་ལོ་༢༠༡༤ ལོར་ཁེའུ་བྷ་དང་ཨ་རིའི་འབྲེལ་ལམ་བསྐྱར་གསོ་ཐུབ་པ་དེ་ཡང་། ཡེ་ཤུ་ཁེ་ཐོ་ལེག་བླ་དཔོན་ཧྥེ་རན་སེ་སིས་གསང་བའི་ཐོག་ནས་གྲོས་མོལ་ལ་རོགས་པ་བྱས་ཡོད་འདུག་པས། ཁེའུ་བྷའི་སྲིད་འཛིན་གྱིས་ཐུགས་རྗེ་ཆེ་ཞུས་ཡོད་ནས། ལྷ་ཁང་གསར་པ་དེ་འཛུགས་སྐྲུན་བྱེད་འགོ་བཙུགས་ཡོད་པ་དང་། ད་དུང་ལྷ་ཁང་གསར་པ་གཉིས་འཛུགས་སྐྲུན་བྱེད་བཞིན་ཡོད་འདུག་པས། དམར་ཤོག་གི་གཞུང་དང་ཆོས་ལུགས་ཀྱི་ཚོགས་སྡེ་ཁག་གི་བར་གུ་ཡངས་ཀྱི་འབྲེལ་ལམ་ཡོད་པའི་རྣམ་པ་ཐོན་བཞིན་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།