ལོ་ཉེར་གཉིས་ལ་སོན་པའི་བང་ཆེན།

བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༤༥ ཆེད་བརྗོད།

ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ནས་ཕྱི་ལོ་༢༠༠༣ ཟླ་༤ ཚེས་༡༨ ཉིན་བོད་ཀྱི་བང་ཆེན་གསར་ཤོག་འདོན་འགྲེམས་བྱས་ནས་མི་ལོ་ཧྲིལ་པོ་༢༢ འཁོར་བ་རེད། བོད་ཀྱི་བང་ཆེན་གསར་ཤོག་ཐོག་མ་ཟླ་ཕྱེད་གསར་ཤོག་ཡིན་ཡང་། ལོ་གཉིས་རྗེས་ཉིན་བཅུའི་གསར་ཤོག་ཏུ་བསྒྱུར། དེ་ནས་ལོ་གཉིས་རྗེས་བདུན་རེའི་གསར་ཤོག་ཏུ་བསྒྱུར་ནས་ད་བར་མི་ལོ་༡༨ རིང། རེས་གཟའ་ལྷག་པ་༧གོང་ས་མཆོག་གི་སྐུའི་བླ་གཟའ་ནམ་ཡིན་ལ་འདོན་འགྲེམས་བྱེད་བཞིན་ཡོད། གསར་ཤོག་འགྲོ་རྒྱུག་ཆེ་བའི་སྐབས་འདོན་ཐེངས་རེ་རེ་བཞིན་བཞུགས་སྒར་དྷ་རམ་ས་ལ་དང་། རྒྱ་གར་ལྷོ་ཕྱོགས་མེ་སོར་དང་མོན་གྷོ་ཌི། བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུ་བཅས་སུ་དུས་གཅིག་ལ་པར་སྐྲུན་འགྲེམས་སྤེལ་བྱས་ཡོད། བལ་ཡུལ་དུ་ཆབ་སྲིད་ཀྱི་དཀའ་ངལ་ལ་བརྟེན་མུ་མཐུད་འདོན་འགྲེམས་མི་ཐུབ་པ་ཆགས་ཤིང། སྤྱི་ཚོགས་དྲ་ལམ་ཤུགས་ཆེ་རུ་སོང་ནས་རིམ་བཞིན་ཤོག་ཐོག་ནས་ལྟ་ཀློག་བྱེད་མཁན་ཉུང་དུ་སོང་བས་ས་གནས་ཁག་ཏུ་པར་སྐྲུན་བྱེད་མཚམས་འཇོག་དགོས་བྱུང་ཡོད།

བོད་ཀྱི་བང་ཆེན་གསར་ཁང་གིས་སྔོན་མ་བོད་ཡིག་དང་། རྒྱ་ཡིག དབྱིན་ཡིག་གསུམ་ལྡན་གྱི་དྲ་རྒྱའི་ཐོག་གསར་འགྱུར་འགྲེམས་སྤེལ་བྱས་ཡོད་ཀྱང་། རྒྱ་ནག་གི་སྐད་ཡིག་ཐོག་ནས་གནས་ཚུལ་འདོན་འགྲེམས་བྱེད་མཁན་གྱི་ལས་བྱེད་ཚད་ལྡན་མུ་མཐུད་རག་དཀའ་བས་ཕྱིས་སུ་སྒོ་མི་རྒྱག་ཀ་མེད་བྱུང་ཡོད། བོད་དབྱིན་གཉིས་ཀྱི་གསར་འགྱུར་མུ་མཐུད་འདོན་འགྲེམས་བྱེད་བཞིན་པ་དང་དེ་ལ་དོ་སྣང་བྱེད་མཁན་ཡང་མང་པོ་ཡོད་པ་མ་ཟད། ཕྱི་ལོ་༢༠༢༢ ལོ་ནས་བཟུང་དྲ་བརྙན་གྱི་ལེ་ཚན་གསར་འཛུགས་བྱས་ནས་མུ་མཐུད་ལས་དོན་ལ་ཤུགས་སྣོན་རྒྱག་བཞིན་པའི་སྐབས་ཤིག་ཏུ་གྱུར་ཡོད། བོད་ཀྱི་བང་ཆེན་གསར་ཤོག་ནི་རྒྱ་གར་དབུས་གཞུང་གསར་འགྱུར་དང་དྲིལ་བསྒྲགས་ལས་ཁུངས་ཀྱི་འོག་ཏུ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཤིང་། ཆོག་མཆན་བཀའ་འཁྲོལ་ཐོབ་པའི་རང་དབང་ཅན་གྱི་བདུན་རེའི་གསར་ཤོག་ཅིག་ཡིན། ད་བར་དུས་ཡུན་མི་ལོ་༢༢ ལྷག་གི་རིང་བོད་ཕྱི་ནང་གཉིས་སུ་ཁ་ཞེ་གཉིས་མེད་ཀྱིས་ཞབས་ཞུ་བསྒྲུབས་ནས་གྲུབ་འབྲས་ཀྱང་མི་དམན་ཙམ་བྱུང་ཡོད།

སྤྱིར་མི་ལོ་༢༢ ནི་གསར་ཤོག་གི་དུས་ཡུན་ཐོག་ནས་ཐུང་ངུ་ཞིག་ལས་མིན་ནའང་། མི་ཞིག་ལ་མཚོན་ན་མི་ལོ་༢༢ ནི་ན་གཞོན་ལང་ཚོ་དར་ལ་བབ་པའི་དུས་ཚོད་ཅིག་ཏུ་གྱུར་ཡོད། བོད་ཀྱི་བང་ཆེན་གསར་ཤོག་གིས་མི་ལོ་༢༢ རིང། གསར་ཤོག་གི་ལས་དོན་ཐོག་ལ་འབད་བརྩོན་བྱེད་དགོས་པ་མ་ཟད། བཙན་བྱོལ་བོད་གཞུང་དང་དེའི་ཁྱབ་ཁོངས་གཞུང་སྒེར་ཚོགས་སྡེ་ཁག་སུ་གཅིག་གི་རོགས་རམ་གང་ཡང་མེད་པར། གསར་ཁང་རང་ངོས་ནས་དཔལ་འབྱོར་འདུ་འགོད་ཀྱི་ཐོག་ལ་རོགས་རམ་འཚོལ་ཐབས་དང་། ཞལ་འདེབས་བསྡུ་སློང་སོགས་ཕྱོགས་གང་ཐད་ནས་འབད་བརྩོན་བྱེད་དགོས་པ་ནི་གཞུང་འབྲེལ་མ་ཡིན་པའི་གསར་ཁང་ཁག་གི་དཀའ་ངལ་ཆེ་ཤོས་རེད་ལ། སྤོབས་པ་དང་གཟི་བརྗིད་ཀྱང་ཆེ་ཤོས་སུ་ངོས་འཛིན་བྱེད་ཆོག གལ་སྲིད་བཙན་བྱོལ་བོད་མིའི་གཞུང་སྒེར་ཚོགས་སྡེ་ཁག་གི་དཔལ་འབྱོར་གྱི་རོགས་རམ་ཡོད་ན་དེ་དག་གིས་སྟངས་འཛིན་ཡང་བྱེད་ངེས་པས། རང་དབང་ཅན་གྱི་གསར་ཁང་ཞིག་ལ་མཚོན་ན་རྩ་བའི་ལངས་ཕྱོགས་དང་རྒྱབ་འགལ་དུ་གྱུར་པ་རེད།

ད་བར་ལས་དོན་ལ་གྲུབ་འབྲས་གང་འཚམ་ཞིག་ཐོབ་ཡོད་པ་དེ་ནི། གཙོ་བོ་སྔ་རྗེས་སུ་ལས་བྱེད་མི་གྲངས་ལྔ་བཅུ་ལྷག་གིས་དཀའ་སྤྱད་འབད་བརྩོན་ཆེན་པོ་བྱས་པ་ལ་བརྟེན་ནས་བྱུང་བ་དང་། དཔལ་འབྱོར་གྱི་ཐོག་ནས་རོགས་རམ་གནང་མཁན་རོགས་ཚོགས་དང་མི་སྒེར་བཅས་ཀྱིས་མཐུན་རྐྱེན་གང་མང་སྦྱར་བའང་ལས་དོན་འདི་མུ་མཐུད་ཐུབ་པའི་མཐུན་རྐྱེན་གཙོ་བོ་ཞིག་ཏུ་གྱུར་ཡོད། ལས་དོན་གང་ཡིན་ནའང་མི་ཚང་མའི་འདོད་པ་དང་མཐུན་པ་ཞིག་ཡོང་ཐབས་མེད་པ་མ་ཟད། ལྷག་པར་དུ་རང་དབང་ཅན་གྱི་གསར་འགྱུར་གྱི་ལས་དོན་ཞིག་ལ་མཚོན་ན་དེ་བས་ཀྱང་མི་ཚང་མའི་འདོད་པ་དང་མཐུན་ཐབས་གཏན་ནས་མེད་པ་ཞིག་ཏུ་གྱུར་ཡོད་པས། མི་སྒེར་གྱི་ངོས་ནས་གནོན་ཤུགས་སྤྲོད་མཁན་ཡང་བྱུང་ཡོད་པ་མ་ཟད། སྲིད་སྐྱོང་སྤེན་པ་ཚེ་རིང་གིས་སྣེ་ཁྲིད་པའི་བཀའ་ཤག་གིས་ལས་ཤོག་ཐོག་བཀའ་ཡིག་བྲིས་ནས་གནོན་ཤུགས་སྤྲད་པའི་གནས་ཚུལ་ཡང་བྱུང་ཡོད་མོད། དེ་དག་ཚང་མ་ལས་དོན་ལེགས་འགྲུབ་ཡོང་བའི་སྒུལ་ཤུགས་གཙོ་བོ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད།

མདོར་ན་ལོ་འདིར་ཨ་རིའི་བོད་སྐད་རླུང་འཕྲིན་ཁང་དང་། ཨེ་ཤི་ཡ་རང་དང་རླུང་འཕྲིན་ཁང་གཉིས་སྒོ་བརྒྱབ་པའི་གནས་ཚུལ་བྱུང་ཡོད་ལ། མ་འོངས་པར་སླར་གསོ་ཐུབ་མིན་ཡང་བཤད་ཚོད་མི་ཐིག་པ་ཞིག་ཏུ་གྱུར་འདུག དེ་བཞིན་བོད་ཀྱི་བང་ཆེན་གསར་ཁང་གིས་གཙོས་རང་དབང་ཅན་གྱི་གསར་ཁང་ཁག་ཅིག་ཀྱང་མུ་མཐུད་གནས་ཐུབ་མིན་བཤད་དཀའ་བ་ཞིག་ཏུ་འགྱུར་བཞིན་ཡོད་ཀྱང་། འབད་བརྩོན་དང་ནུས་ཤུགས་གང་ཡོད་ལ་བརྟེན་ནས་ལས་དོན་མུ་མཐུད་པའི་རེ་བ་བྱེད་བཞིན་ཡོད། བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ཐོག་ནས་བཤད་ཀྱང་རང་དབང་ཅན་གྱི་གསར་ཁང་གང་མང་དགོས་པ་དེ་ཧ་ཅང་གལ་ཆེ་བ་མ་ཟད། བོད་ཀྱི་སྐད་ཡིག་རྒྱུད་འཛིན་གྱི་ཐོག་ནས་གསར་ཁང་ཁག་ནི་མེད་ཐབས་མེད་པ་ཞིག་ཏུ་གྱུར་ཡོད་པས། བོད་དོན་བདེན་མཐའ་མ་གསལ་གྱི་བར་དུ་རང་དབང་ཅན་གྱི་གསར་འགྱུར་ནི་འཐབ་རྩོད་ཀྱི་ལག་ཆ་གཙོ་བོ་ཞིག་ཏུ་འགྱུར་དགོས་པ་དང་། ལས་དོན་འདིར་མུ་མཐུད་འབད་བརྩོན་བྱ་རྒྱུ་དེའང་གཡོལ་ཐབས་མེད་པའི་འགན་འཁྲི་ཉག་གཅིག་ཏུ་ངོས་འཛིན་བྱེད་བཞིན་ཡོད།།