ལོ་ཙྰ་བ་ཚེ་དབང་རྟ་མགྲིན་ལགས་འདས་གྲོངས་སུ་ཕྱིན་འདུག
ལོ་ཙྰ་བ་དང་རྩོམ་པ་པོ། གསར་འགོད་པ་དང་རྩོམ་སྒྲིག་པ་སོགས་བྱས་མྱོང་མཁན་ཚེ་དབང་རྟ་མགྲིན་ལགས་ཕྱི་ཟླ་༥པའི་ཚེས་༢༢ ཉིན་འབྲས་ལྗོངས་སྒང་ཏོག་ལ་ཡོད་པའི་རང་ཁྱིམ་དུ་སྐུ་གྲོངས་ཡོད་པ་དང་། སྐབས་དེར་དགུང་གྲངས་བདུན་ཅུ་དོན་གྲངས་ལ་ཕེབས་ཡོད་འདུག
རྩོམ་པ་པོ་དང་ལོ་ཙྰ་བ་ཚེ་དབང་རྟ་མགྲིན་ལགས་ནི། ཆུང་དུས་ཕ་མ་གཉིས་ཀ་གྲོངས་པའི་ད་ཕྲུག་ཅིག་ཡིན་པས་ལས་བཟོ་རྒྱུགས་པ་སོགས་ཀྱི་དཀའ་སྡུག་སྣ་མང་མྱངས་རྗེས་ཕྱི་ལོ་༡༩༦༣ ལོར་རྡོར་གླིང་བོད་གཞུང་སློབ་གྲྭར་འཛུལ་ཞུགས་བྱས། ཕྱི་ལོ་༡༩༧༢ ལོར་སློབ་གྲྭ་ལེགས་ཐོན་གྱིས་རྒྱ་གར་གཞུང་གི་སློབ་གྲོན་འོག་ལོ་དེར་རྡོར་གླིང་སེན་འཇོ་སེབ་མཐོ་སློབ་ཏུ་འཛུལ་བ་བཞིན་སློབ་ཕྲུག་ཕུལ་བྱུང་གི་དམིགས་བསལ་ལག་འཁྱེར་དང་བཅས་ཕྱི་ལོ་༡༩༧༥ ལོར་མཐོ་སློབ་ཐོན་རྗེས་རྡོར་གླིང་སོ་ན་རྡ་སློབ་གྲྭར་སློབ་དགེ་ལོ་ཕྱེད་ཙམ་དང་། རྡོར་གླིང་རང་འཚོའི་བཟོ་གྲྭར་ཕྱག་ལས་ཟླ་བ་དགུ་ཙམ་གནང་ཞིང་། ཕྱོ་ལོ་༡༩༧༦ ལོར་འབྲས་གཞུང་དྲིལ་བསྒྲགས་ལས་ཁུངས་ནང་འབྲས་ལྗོངས་བྱ་མ་རྟའི་རྩོམ་སྒྲིག་པའི་འགན་ཁུར་དང་ལས་ཁུངས་དེ་གའི་ནང་ཟུང་འབྲེལ་དྲུང་ཆེའི་འགན་ཁུར་བཞེས་མྱོང་ཡོད་འདུག། ལས་ཞོར་དུ་༡༩༨༡ ལོར་ལྡི་ལི་གསར་པར་ཡོད་པའི་(India Institute of mass Communication) ཞེས་པའི་གསར་འགོད་སློབ་གཉེར་ཁང་ནང་ལོ་གཅིག་རིང་(Post Graduate Diploma Course Journalism) ཞེས་པའི་གསར་འགོད་སློབ་གཉེར་གནང་།

ཕྱི་ལོ་༡༩༨༢ ལོར་རྒྱལ་སྲས་ལག་ལེན་སོ་བདུན་མ་དབྱིན་སྐད་དུ་བསྒྱུར་། ཕྱི་ལོ་༡༩༨༥ ལོར་སྟོད་གངས་རིན་པོ་ཆེ་དང་མཚོ་མ་ཕམ་གྱི་གནས་ཡིག་དབྱིན་སྐད་དུ་བསྒྱུར། དྷ་ས་ཨ་མྱེས་རྨ་ཆེན་བོད་ཀྱི་རིགསག་གཞུང་ཞིབ་འཇུག་ཁང་གི་འབོད་སྐུལ་འོག ཕྱི་ལོ་༡༩༩༣ ལོར་བོད་ནང་ལོ་བདུན་དང་། ཕྱི་ལོ་༡༩༩༤ ལོར་ཨི་ཊ་ལིའི་བོད་དོན་མཁས་དབང་ལུ་སི་ཨ་ནོ་པེ་ཀྲེག་གིས་བརྩམས་པའི་ས་སྐྱའི་དུས་ཀྱི་བོད་ཀྱི་རྒྱལ་རབས་དེབ་(Central Tibet & the Mongols. Yuan-Sa-Skya Period of Tibetan History) ཞེས་པ་དང་། ཕྱི་ལོ་༡༩༩༥ ལོར་ཧན་སེ་ཨེན་ཌར་སེན་གྱིས་བརྩམས་པའི་བྱིས་པའི་སྒྲུང་དེབ་(Hans Andersen’s Fairy Tales) ཞེས་པ་བཅས་དབྱིན་སྐད་ནས་བོད་སྐད་བསྒྱུར།
གཞན་ཡང་ཁོང་ནི་དབྱིན་བོད་གཉིས་ཀའི་ནང་སྙན་ངག་འབྲི་མཁན་ཞིག་ཡིན་པས། བོད་ཡིག་ཐོག་བྲིས་པའི་སྙན་རྩོམ་རྣམས་རྒྱ་གར་དང་བལ་ཡུལ་ཁུལ་གྱི་བོད་ཡིག་གསར་ཤོག་དང་དུས་དེབ་སྣ་ཚོགས་ནང་ཐོན་ཡོད་འདུག་ལ། དབྱིན་སྐད་ནང་གསར་རྩོམ་གནང་བའི་སྙན་ངག་དེབ་Wit and Wisdom ཞེས་པའི་དེབ་ཅིག་ཀྱང་པར་སྐྲུན་གནང་ཡོད་འདུག
ཁོང་ནི་བོད་གཞུང་སློབ་གྲྭ་ནས་ཐོན་པའི་སློབ་མའི་ཁོངས་ནས་དབྱིན་ཡིག་ནང་སྙན་རྩོམ་འབྲི་མཁན་ཐོག་མའི་གྲས་ཤིག་དང་། དེ་བཞིན་ཕྱི་ལོ་༡༩༩༩ ལོར་འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པས་དམིགས་བསལ་ཐུགས་སྣང་དང་། རེ་སྐུལ་འོག་བོད་ཀྱི་ཕུལ་བྱུང་བུད་མེད་ཕྲེང་རིང་ལྕམ་སྐུ་རིན་ཆེན་སྒྲོལ་མ་ལགས་དེ་ཉིད་ཀྱིས་མཛད་པའི་རང་རྣམ་བོད་ཀྱི་བུ་མོ་(Daughter of Tibet ) ་ཞེས་པ་དབྱིན་ཡིག་ནས་བོད་ཡིག་ཏུ་ཕབ་བསྒྱུར་གནང་ཡོད་འདུག ཕྱི་ལོ་༢༠༡༤ལོར་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་ཁོང་གིས་བརྩམས་པའི་སྙན་རྩོམ་རྒྱལ་གཅེས་ལྷག་བསམ།༽ དང་༼སྙན་རྩོམ་མི་རྟག་བཤེས་གཉེན།༽ ༼སྙན་རྩོམ་དགའ་བའི་གླུ་དབྱངས།༽ ༼རང་ཡུལ་སྨྱུག་གི་དྲན་གཏམ།༽ ༼ ཀ་བཤད་གངས་རིའི་བདུད་རྩི།༽ ༼སྒྲུང་དེབ་བློ་གསར་མིག་འབྱེད༽ སོགས་ཁྱོན་ཁོང་གི་བརྩམས་ཆོས་དཔར་དུ་བསྐྲུན་ཟིན་པ་དེབ་༡༢ ལྷག་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།