ལོ་འདིའི་དབྱར་ཁར་རྒྱ་གར་གྱི་ལས་མི་སྟོང་གཅིག་ཐའེ་ཝན་དུ་ལེན་རྒྱུ་ཡིན་འདུག

ཐའེ་ཝན་ནང་རྒས་འཁོགས་མང་བ་དང་ཕྲུ་གུ་སྐྱེས་ཚད་ཉུང་དུ་འགྲོ་བཞིན་པ། ལྷག་པར་དུ་བཟོ་གྲྭ་ཁག་ཏུ་ལས་མི་ཉུང་དྲགས་པའི་དཀའ་ངལ་སེལ་བའི་ཆེད། ན་ནིང་རྒྱ་གར་དང་ཐའེ་ཝན་གཉིས་ཀྱི་གྲོས་མཐུན་བཞག་པ་ལྟར། ལོ་འདིའི་དབྱར་ཁར་རྒྱ་གར་གྱི་ལས་མི་སྟོང་གཅིག་ཐའེ་ཝན་དུ་ལེན་རྒྱུ་བྱས་ཡོད་འདུག

པར། ཧིན་དྷུ་སི་ཐན་དུས་བབ།

ཟླ་འདིའི་ཚེས་༡ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ན་ནིང་རྒྱ་གར་དང་ཐའེ་ཝན་གཉིས་ཀྱི་ངལ་རྩོལ་དང་འབྲེལ་བའི་ལས་དོན་ཤུགས་ཆེ་རུ་གཏོང་ཆེད་ཕྱོགས་གཉིས་བར་གྲོས་མཐུན་ལ་མཚན་རྟགས་བཀོད་ཡོད་པ་ལྟར། ལོ་འདིའི་དབྱར་ཁར་རྒྱ་གར་གྱི་ལས་མི་༡༠༠༠ ཐའེ་ཝན་དུ་ལེན་རྒྱུ་རེད་འདུག ཐའེ་ཝན་གྱིས་རྒྱ་གར་གྱི་ལས་མི་ལེན་པ་ནི་ཐའེ་ཝན་གྱི་བཟོ་གྲྭ་ཁག་གི་ནང་དུ་ལས་མི་ཉུང་བའི་དཀའ་ངལ་སེལ་ཐུབ་པ་མ་ཟད། རྒྱ་གར་གྱི་ལས་མི་ཚོ་ལ་ཡང་ལས་ཀ་དང་གླ་ཕོགས་བརྟན་པོ་རག་པ། རྒྱལ་ཁབ་གཞན་པའི་ནང་ལས་ཀ་བྱས་པའི་ཉམས་མྱོང་ཐོབ་པ་སོགས། ལས་དོན་དེ་ཕྱོགས་གཉིས་ཀར་ཕན་ཐོགས་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་འདུག
འདས་པའི་ལོ་ངོ་ཁ་ཤས་སྔོན་ནས་ཐའེ་ཝན་དུ་རྒས་འཁོགས་མང་བ་དང་། ཕྲུ་གུ་སྐྱེས་ཚད་ཉུང་དུ་ཕྱིན་པ། ལྷག་པར་དུ་བཟོ་གྲྭ་ཁག་གི་ནང་དུ་ལས་མི་ཉུང་བའི་དཀའ་ངལ་འཕྲད་བཞིན་ཡོད་པར་བརྟེན། ཐའེ་ཝན་གྱིས་ཧྥི་ལི་ཕིན་དང་ཝེ་ཐེ་ནམ། ཧིན་དྷུ་ནེ་ཤེ་ཡ། ཐེ་ལན་ཌི་བཅས་ནས་ལས་མི་འབུམ་བདུན་ཙམ་ལེན་གྱི་ཡོད་འདུག ཁོང་ཚོས་ཐའེ་ཝན་གྱི་བཟོ་གྲྭ་ཁག་གི་ནང་དུ་ལས་ཀ་བྱེད་པ་དང་། འགའ་ཤས་ཀྱིས་རྒས་འཁོགས་ལ་ལྟ་སྐྱོང་བྱེད་ཀྱི་ཡོད་འདུག

རྒྱ་གར་གྱི་མཐོ་སློབ་ཁག་ཏུ་བཙུགས་པའི་ཐའེ་ཝན་གྱི་ཤེས་ཡོན་ལྟེ་གནས་༣༦ བརྒྱུད་རྒྱ་གར་གྱི་སློབ་ཕྲུག་༡༤༠༠༠ གིས་རྒྱ་སྐད་སྦྱོང་བཞིན་ཡོད་པ་དང་། ད་ལྟའི་ཆར་རྒྱ་གར་གྱི་སློབ་ཕྲུག་༣༠༠༠ གིས་ཐའེ་ཝན་དུ་སློབ་སྦྱོང་བྱེད་བཞིན་ཡོད་པ་མ་ཟད། ན་ནིང་ཕྱི་ཟླ་༡༠ པའི་ནང་། ཐའེ་ཝན་དང་རྒྱ་གར་གྱིས་ཕྱོགས་གཉིས་ཀྱི་འབྲེལ་ལམ་འཕེལ་རྒྱས་གཏོང་ཆེད། རྒྱ་གར་གྱི་གྲོང་ཁྱེར་མོམ་བྷེ་ལ་ཐའེ་ཝན་གྱི་དཔལ་འབྱོར་དང་རིག་གཞུང་གི་ལྟེ་གནས་ཁང་(TECC) ཞེས་པ་ཞིག་སྒོ་འབྱེད་བྱས་ཡོད་འདུག ད་ལྟའི་ཆར་ཕྱོགས་གཉིས་བར་ཚོང་ལས་ཙམ་མ་ཡིན་པར། ཚན་རིག་དང་འཕྲུལ་རིག རིག་གཞུང་བརྗེ་ལེན་སོགས་ཀྱི་ཁྱབ་ཁོངས་ཀྱང་འཕེལ་རྒྱས་འགྲོ་བཞིན་ཡོད་འདུག  གནས་ཚུལ་དབྱེ་ཞིབ་པ་ཚོས་ཐའེ་ཝན་གྱི་མཚོ་འགག་དང་ཧིན་བོད་ས་མཚམས་ཁུལ་དུ་རྒྱ་ནག་རྩུབ་སྤྱོད་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན། རྒྱ་གར་དང་ཐའེ་ཝན་བར་གྱི་འབྲེལ་བ་ཡང་ཡག་ཏུ་འགྲོ་བཞིན་པ་དང་། ཐའེ་ཝན་མཚོ་འགག་ཏུ་རྩོད་རྙོང་གང་འདྲ་བྱུང་རུང་། དེས་རྒྱ་གར་གྱི་དཔལ་འབྱོར་དང་རྒྱ་གར་གྱི་བདེ་འཇགས་ཀྱི་ཁེ་ཕན་ལ་གནོད་སྐྱོན་ཚབས་ཆེན་བཟོ་སྲིད་པར་བརྗོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།