ལོ་འདིར་ལྷག་ཏུ་བོད་རིགས་ནང་ཁུལ་དམ་ཚིག་ཆིག་སྒྲིལ་གྱིས་ནུས་པ་མཉམ་སྤུངས་བྱེད་དགོས། 

ལོ་ངོ་༦༦ ཡར་སྔོན་དུ་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་སྟོང་ཕྲག་མང་པོས་རྒྱ་ནག་གིས་བོད་ནང་བཙན་འཛུལ་དང་གདུག་རྩུབ་ཀྱི་བྱ་སྤྱོད་སྤེལ་བར་ངོ་རྒོལ་དང་སྐད་འབོད་བྱས་ཡོད་པ་དང་། དམིགས་བསལ་ཕྱི་ལོ་༡༩༥༩ ཟླ་བ་༣ ཚེས་༡༢ ཉིན་ཆོལ་གསུམ་བོད་ཀྱི་བུད་མེད་ཚོས་སྣེ་ཁྲིད་དེ་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་ཞིག་སྤེལ་ཡོད་པར་བརྟེན། འདི་ལོར་ཡང་དུས་ཚོད་འདིར་བཙན་བྱོལ་ནང་དུ་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གོ་སྒྲིག་འོག་རྡ་སའི་གཙུག་ལག་ཁང་གི་ཉེ་འཁོར་རླངས་འཁོར་འཇོག་ཡུལ་ནས་ཀ་ཅ་རི་བར་ཞི་བའི་གོམ་བགྲོད་དང་སྐད་འབོད་ཀྱིས་བུད་མེད་སྒེར་ལངས་ཐེངས་༦༦ པའི་ཉིན་མོ་སྲུང་བརྩི་ཞུས་སོང་།

ཟླ་འདིའི་ཚེས་༡༢ ཉིན། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་དྷ་སའི་གཙུག་ལག་ཁང་གི་ཉེ་འགྲམ་དུ་ཡོད་པའི་རྒྱ་གར་རླངས་འཁོར་འཇོག་སར་རྒྱལ་ཡོངས་བོད་ཀྱི་བུད་མེད་སྒེར་ལངས་ཐེངས་༦༦ པ་སྲུང་བརྩིའི་མཛད་སྒོ་འཚོགས་སོང་ལ། མཛད་སྒོ་གྲུབ་རྗེས་དེ་ནས་ཀ་ཅ་རིའི་བར་ཞི་བའི་གོམ་བགྲོད་དང་སྐད་འབོད་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་སོང་། དེ་ཡང་མཛད་སྒོའི་ཐོག་ཏུ། སྐུ་མགྲོན་གཙོ་བོ་རྡ་སའི་གྲོང་སྡེ་སྤྱི་ཁྱབ་པ་ལྕམ་སྐུ་( Ninu Sharma )ནི་ནུ་ཤར་མཱ་དང་། དམིགས་བསལ་སྐུ་མགྲོན་རྡ་ས་ས་གནས་འགོ་འཛིན། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། རྡ་སའི་དགོན་སྡེ་ཁག་གི་བཙུན་མ། བོད་ཁྱིམ་དང་སཱ་ར་མཐོ་སློབ་ཀྱི་སློབ་ཕྲུག དེ་བཞིན་བུད་མེད་མང་ཚོགས་བཅས་མཉམ་འཛོམས་ཐོག་རྒྱལ་གཅེས་དཔའ་མོ་རྣམས་ཀྱི་ལྷག་བསམ་ཞུམ་པ་མེད་པའི་སྙིང་སྟོབས་ལ་རྗེས་དྲན་ཞུས་པ་མ་ཟད། དྷ་ཤོད་ཀ་ཅ་རཱི་བར་རྔམ་སྟོན་གོམ་བགྲོད་བརྒྱུད་བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ ༦༦ པ་སྲུང་བརྩི་ཞུས་སོང་།

སྐབས་དེར་དབུས་བུད་མེད་ལྷན་ཚོགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དང་།  དེའི་ནང་དུ། ཕྱི་ལོ་༡༩༥༩ ཟླ་བ་༣ ཚེས་༡༢ ཉིན་བྱས་པ་ཅན་གྱི་ཆོལ་གསུམ་བུད་མེད་རྣམས་ཀྱིས་བོད་དོན་བདེན་པའི་འཐབ་རྩོད་ཆེད་བསྐྱར་འཛུགས་ཞུས་པའི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་རྒྱུན་འཛིན་ཡོང་ཆེད། བཙན་བྱོལ་ནང་དུ་ཀ་རྡོར་སྒང་གསུམ་དུ་བོད་ཀྱི་བུད་མེད་ཚོགས་པ་མུ་མཐུད་བཙུགས་ཡོད། རྗེས་སུ་བོད་མི་རྣམས་སོ་སོའི་འཚོ་བའི་གནས་སྟངས་དཀའ་ངལ་ཆེན་པོ་བྱུང་བར་བརྟེན་ཚོགས་པ་རིམ་པས་ཉམས་རྒུད་དུ་སོང་བའི་གནང་སྟངས་བྱུང་ཡོད། ཕྱིས་སུ་ཕྱི་ལོ་༡༩༨༤ ལོར་༧གོང་ས་མཆོག་ནས་བཀའ་སློབ་ལམ་སྟོན་འོག་ཚོགས་པ་སླར་གསོ་ཞུས་ཡོད་པ་དང་། བོད་དོན་བདེན་པའི་འཐབ་རྩོད་རྒྱུན་འཁྱོངས་གནང་རྒྱུའི་ཐོག་མའི་དགོངས་པ་དང་དམིགས་ཡུལ་སྙིང་བཅངས་ཀྱིས་ད་རིང་བར་མི་ལོ་ཧྲིལ་པོར་༦༦ འཁོར་གྱི་ཡོད་ཅིང་། བརྒྱུད་རིམ་དེའི་ནང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་སྲ་བརྟན་ཡར་རྒྱས་བྱུང་བ་ནི་གཙོ་བོར་༧གོང་ས་མཆོག་དང་ཡང་སྒོས་བོད་མི་རྒན་རབས་པ་གཙོ་བོར་གྱུར་པའི་རྒྱུན་ལས་གོང་མ་རྣམས་དང་། ཚོགས་མི་རྣམས་ཀྱིས་སྔ་ཕྱི་བར་གསུམ་དུ་ལྷག་བསམ་སྙིང་བཅངས་ཀྱིས་བོད་སྤྱི་པའི་ལས་དོན་ལ་འགན་འཁུར་ཆེ་བཞེས་གནང་བའི་རླབས་ཆེན་གྱི་གྲུབ་འབྲས་ཞིག་ཡིན་པ་དང་།

ད་ཆར་བོད་ཀྱི་བུད་མེད་ལྷན་ཚོགས་ནང་ས་གནས་ཡན་ལག་༥༩ དང་ཚོགས་མི་༢༡༠༠༠ ལྷག་ཡོད་པའི་གཞུང་ཁོངས་མིན་པའི་ཚོགས་པ་ཞིག་ཡིན་པར་བརྗོད་འདུག ད་ཆར་རྒྱ་ནག་སྲིད་གཞུང་གིས་བོད་ས་བཙན་བཟུང་བྱས་པ་ནས་བཟུང་མུ་མཐུད་དྲག་གནོན་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གཙོས་པའི་བོད་མི་གྲངས་ལས་འདས་པ་དམར་གསོད་དང་གར་སོང་ཆ་མེད་དུ་གྱུར་ཡོད་ལ། རྒྱ་གཞུང་གི་དམ་དྲག་སྲིད་བྱུས་ལ་འུ་ཐུག་ཐབས་ཟད་ཀྱིས་བོད་ནང་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་འུ་ཐུག་བཟོད་བྲལ་གྱིས་རང་ལུས་མེར་སྲེག་གནང་དགོས་བྱུང་ཡོད་པ། 

དེ་བཞིན་སྤྱིར་བོད་མཐོ་སྒང་ལ་འཛམ་གླིང་གི་སྣེ་གསུམ་པ་ཞེས་འབོད་ཅིང་གོ་ལའི་སྤྱི་ཡོངས་ཀྱི་ཁོར་ཡུག་གི་འགྱུར་འགྲོས་ལ་ཁྱད་པར་བཟོ་ཐུབ་པའི་ནུས་པ་ལྡན་ཞིང་བོད་ནང་ཁོར་ཡུག་གི་བརྟན་ལྷིང་ནི་བོད་མི་ཙམ་མ་ཟད། ཨེ་ཤེ་ཡའི་མི་འབོར་དུང་ཕྱུར་གཅིག་དང་ཕྱེད་ཀའི་འཚོ་བའི་རྟེན་གཞིའམ་བོད་ཀྱི་ཆུ་རྒྱུན་ཁག་ལ་ཐུག་ཡོད་པར་བརྟེན། རྒྱ་ནག་གཞུང་གི་ངོས་ནས་བོད་ཀྱི་ཁོར་ཡུག་ལ་སྲུང་སྐྱོབ་དང་བདག་སྐྱོང་བྱེད་དགོས་པ་དང་།

མ་འོངས་པར་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་བོད་ཀྱི་བདེན་མཐའ་མ་གསལ་བར་ལས་འགུལ་སྤེལ་རྒྱུ་ཡིན་པ་དང་། ལྷག་པར་དུ་འདི་ལོ་ནི་༧གོང་ས་མཆོག་དགོངས་གྲངས་༩༠ ཕེབས་ཀྱི་ཡོད་པ་དང་བསྟུན་ནས་ཆོལ་གསུམ་བོད་རིགས་སྤུན་ཟླ་ནང་ཁུལ་དམ་ཚིག་ཆིག་སྒྲིལ་གྱིས་ནུས་པ་མཉམ་སྤུངས་ཀྱི་སྒོ་ནས་བཀའ་དགོངས་འགལ་མེད་ཚུལ་བཞིན་སྒྲུབ་ནས་བཀའ་དྲིན་གསོ་ཐབས་འབད་དགོས་པར་བརྗོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།