ལོ་རྒྱུས་ཀྱི་ཐོག་བོད་རང་བཙན་ཡིན་ཡང་མ་འོངས་པར་རྒྱ་ནག་དང་མཉམ་གནས་བྱེད་ཐུབ།
༧གོང་ས་མཆོག་གིས་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་ཡིན་ཡང་། གལ་ཏེ་རྒྱ་ནག་གིས་བོད་ཀྱི་རིག་གནས་དང་། རང་སྲིད་རང་སྐྱོང་གི་གནས་བབ་ལ་ཁག་ཐེག་བྱེད་ཐུབ་ན་མ་འོངས་པར་རྒྱ་ནག་དང་མཉམ་གནས་བྱེད་ཐུབ་སྐོར་གསུངས་ཡོད་འདུག
རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢༢ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ། ནེའུ་རོ་རྗེས་དྲན་གྱི་དཔེ་མཛོད་ཁང་དང་། རྒྱལ་སྤྱིའི་འབྲེལ་ལམ་ཚོགས་པ་(Antar-Rashtriya Sahayog Parishad)གཉིས་ཀྱི་གོ་སྒྲིག་འོག ༧གོང་ས་མཆོག་རྒྱ་གར་དུ་ཕེབས་འབྱོར་བྱུང་ནས་མི་ལོ་ཧྲིལ་པོ་༦༠ འཁོར་བའི་དུས་དྲན་མཛད་སྒོ་ཞིག་སྲུང་བརྩི་ཞུས་ཡོད་འདུག་པ་དང་། ཚོགས་མགོན་དུ་༧གོང་ས་མཆོག་ཆིབས་སྒྱུར་བསྐྱངས་ནས། ཞི་བདེ་དང་འཆམ་མཐུན་ངང་ཡར་རྒྱས་ཀྱི་མདུན་བསྐྱོད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་ཡོད་འདུག
སྐབས་དེར་༧གོང་ས་མཆོག་གིས་གསུང་བཤད་གནང་དུས། བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་དང་། གལ་ཏེ་རྒྱ་ནག་གིས་བོད་ཀྱི་རིག་གནས་དང་། རང་སྲིད་རང་སྐྱོང་གི་གནས་བབས་ལ་ཁག་ཐེག་བྱེད་ཐུབ་ན། བོད་དེ་རྒྱ་ནག་གི་ཆ་ཤས་སུ་གནས་ཐུབ་པ་བཅས་ཀྱི་ཐོག་གསུང་དོན་དུ་“ལོ་རྒྱུས་དང་རིག་གནས་ཀྱི་ཐོག་ནས་བོད་དེ་རང་བཙན་རྒྱལ་ཁབ་ཅིག་རེད། བོད་ཀྱི་ས་ཁམས་ཆགས་ཚུལ་ལ་བརྟེན་ནས་བོད་ཀྱི་ས་ཆའི་ཁྱབ་ཁོངས་ཤེས་ཐུབ་ཀྱི་རེད། ཇི་སྲིད་དུ་རྒྱ་ནག་གི་རྩ་ཁྲིམས་ཀྱིས་ང་ཚོའི་རིག་གནས་དང་བོད་རང་སྲིད་རང་སྐྱོང་གི་དམིགས་བསལ་བྱུང་རབས་ངོས་འཛིན་བྱེད་པ་དེ་སྲིད་དུ། བོད་རྒྱ་ནག་གི་ཆ་ཤས་སུ་གནས་ཐུབ་ཀྱི་རེད་”ཅེས་དང་། བོད་རྒྱ་ནག་གི་ཆ་ཤས་སུ་བསྡད་ན་བོད་ལ་དཔལ་འབྱོར་གྱི་ཐོག་ནས་ཁེ་ཕན་ཐོབ་པ་དང་། རྒྱ་ནག་མི་སེར་རྣམས་ལ་བོད་བརྒྱུད་ནང་བསྟན་གྱི་དགེ་ཕན་ཐོབ་ཐུབ་པ་ཡོང་སྐོར་བཅས་གསུངས་ཡོད་འདུག
དེ་བཞིན་༧གོང་ས་མཆོག་གིས་བོད་མིའི་ངོ་བོའི་གལ་ཆེའི་རང་བཞིན་དང་། འདས་པའི་དུས་སུ་བོད་དེ་རང་བཙན་རྐྱང་པའི་གནས་བབས་ཤིག་གི་ཐོག་གནས་ཡོད་སྟབས་འཛམ་གླིང་ནང་ནས་ས་ཆ་དམིགས་བསལ་གྱི་གནས་བབ་ཡོད་སྐོར་ནན་སྐུལ་གནང་ཡོད་འདུག་པ་མ་ཟད། ད་ལྟ་དུས་ཚོད་ལ་འགྱུར་བ་སོང་ནས་དཔལ་འབྱོར་གྱི་ཐོག་ནས་མཉམ་ལས་བྱས་ཏེ་གནས་རྒྱུ་དེ་གདམ་ཀ་ཞིག་ཆགས་ཡོད་སྐོར་ཡང་གསུངས་ཡོད་འདུག
ཡང་༧གོང་ས་མཆོག་གིས་“དེ་སྔོན་དུས་ཚོད་གཅིག་ལ་ཧྥ་རན་སིའི་མི་ཚང་མས་འཇར་མན་བ་ཚང་མར་དགྲ་བོའི་ལྟ་སྟངས་བཟུང་ཡོད་ཀྱང་། ད་ལྟ་ཁོང་ཚོ་གཉིས་ཀ་ཡུ་རོབ་མཐུན་ཚོགས་ཀྱི་ནང་དུ་ཡོད་པ་བཞིན། ང་ཚོ་(བོད་དང་རྒྱ་ནག་)ཡང་མཉམ་གནས་ཐུབ་ཀྱི་རེད་”ཅེས་གསུངས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༢༢ ནས་ཉིན་གསུམ་རིང་༧གོང་ས་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་མཛད་འཕྲིན་སྐྱོང་མུས་ཡིན་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།