ལོ་སྔོན་མར་རྒྱ་དཀར་ནག་གི་དམག་འཛིང་ནང་དམག་མི་༥ ཤི་བ་རྒྱ་ནག་གིས་ཁས་ལེན་བྱས། 

རྒྱ་དཀར་ནག་གཉིས་ཀྱིས་འཕགས་བོད་ས་མཚམས་ནས་དམག་མི་ཕྱིར་འཐེན་བྱེད་བཞིན་པའི་སྐབས་འདིར། རྒྱ་ནག་གིས་གཞུང་འབྲེལ་ཐོག་ནས་ལོ་སྔོན་མའི་ཕྱི་ཟླ་དྲུག་པའི་ས་མཚམས་དམག་མིའི་གདོང་ཐུག་དྲག་པོ་དེའི་ནང་རྒྱ་ནག་གི་དམག་མི་༤ དང་། དམག་དཔོན་༡ ཤི་བའི་ཁས་ལེན་བྱས་འདུག 

ལོ་སྔོན་མའི་ཕྱི་ཟླ་༦ པའི་ནང་ལ་དྭགས་ཕྱོགས་ཀྱི་འཕགས་བོད་ས་མཚམས་ཀྱི་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དམག་མིའི་བར་དུ་ལོ་ངོ་བཅུ་ཕྲག་ནང་གི་དྲག་པོའི་གདོང་ཐུག་ཆེ་ཤོས་དེ་ཤོར་བའི་ནང་། རྒྱ་གར་གྱི་དམག་མི་༢༠ རྐྱེན་ལམ་དུ་ཕྱིན་པར་རྒྱ་གར་གཞུང་གིས་རྒྱལ་དར་གཡོགས་ནས་མྱ་ངན་གུས་དུད་ཞུས་ཡོད་ན་ཡང་། རྒྱ་ནག་གིས་ས་མཚམས་ཀྱི་འཛིང་མོ་དྲག་པོ་དེའི་ནང་དམག་མི་ཇི་ཙམ་ཤི་བའི་གྲངས་ཀ་གཞུང་འབྲེལ་ཐོག་ནས་ཕྱིར་བསྒྲགས་མ་བྱས་པར་གསང་ནས་བཞག་ཡོད།  

དེ་རིང་རེས་གཟའ་པ་སངས་ཉིན་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་ཁག་ནས་ལོ་སྔོན་མའི་དམར་འཛིང་དྲག་པོ་དེའི་ནང་རྐྱེན་ལམ་དུ་ཕྱིན་པའི་“མཐའ་མཚམས་དམག་མི་ལྔ་”ཡི་མིང་བཏོན་པ་དང་། རྒྱལ་མཚམས་སྲུང་སྐྱོབ་ཆེད་དུ་རང་སྲོག་བློས་གཏོང་བྱེད་མཁན་དེ་དག་ལ་དཔའ་བོའི་མཚན་བསྟོད་ཕུལ་ཡོད་སྐོར་ཕྱིར་བསྒྲགས་བྱས་པ་མ་ཟད། རྒྱ་ཁབ་གཉིས་ཀྱི་རྒྱལ་མཚམས་དང་འབྲེལ་བའི་གྲོས་མཐུན་རྩིས་མེད་རྡོག་རོལ་བཏང་ནས་ཚུར་རྒོལ་བྱེད་མཁན་དེ་རྒྱ་གར་གྱི་དམག་མི་ཡིན་པ་ལས་རྒྱ་ནག་གི་དམག་མ་ཡིན་པའི་ཉེས་འཛུགས་ཀྱང་བྱས་འདུག 

ལོ་སྔོན་མའི་ཕྱི་ཟླ་དྲུག་པའི་དྲག་འཛིང་དེ་བྱུང་བ་ནས་བཟུང་སྟེ་ཟླ་བ་དགུ་ཙམ་གྱི་རིང་ལ་ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་དམག་དཔོན་བར་དུ་གྲོས་མོལ་རབ་དང་རིམ་པ་ཞིག་བྱས་རྗེས། ཕྱོགས་གཉིས་ཀས་ལ་དྭགས་དཔལ་མགོན་མཚོའི་ལྷོ་བྱང་ནས་དམག་མི་ཕྱིར་འཐེན་བྱེད་པར་གྲོས་མཐུན་བྱས་པ་དང་། བདུན་ཕྲག་འདིིའི་ནང་རྒྱ་ནག་དཀར་ནག་གཉིས་ཀྱི་དམག་མི་རྣམས་རྩོད་རྙོག་ཆེ་བའི་ས་མཚམས་ནས་ཕྱིར་འཐེན་བྱེད་བཞིན་པའི་བརྙན་ཐུང་དང་འདྲ་པར་རྣམས་གསར་འགྱུར་བརྒྱུད་ལམ་དང་། སྤྱི་ཚོགས་དྲ་ལམ་དུ་ཁྱབ་བཞིན་ཡོད། 

རྒྱ་ནག་གིས་བོད་ལ་དྲག་པོའི་བཙན་འཛུལ་བྱས་ཏེ་བོད་ས་ཡོངས་རྫོགས་བཙན་གྱིས་དབང་དུ་བསྒྱུར་བ་ནས་བཟུང་། འཕགས་བོད་ཀྱི་ས་མཚམས་དེ་རྒྱལ་སྤྱིའི་ཐོག་ནས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སུ་ངོས་འཛིན་བྱེད་སྲོལ་བྱུང་བ་དང་། ཕྱོགས་གཉིས་ཀས་སྔར་བོད་ཀྱི་ཁོངས་སུ་གཏོགས་པའི་ས་ཁུལ་མང་པོ་ཞིག་སོ་སོའི་ཡིན་ཚུལ་བཤད་དེ་རྩོད་རྙོག་རྒྱུན་མི་ཆད་པར་ཡོང་བཞིན་ཡོད། །

གསར་འགོད་པ་དཀོན་མཆོག་རབ་བརྟན།