ལོ་སྔོན་མར་རྒྱ་ནག་གིས་ཐའེ་ཝན་འོས་བསྡུར་གནས་ཚུལ་རྫུན་མ་ཁྱབ་སྤེལ་གྱི་ལས་འགུལ་སྤེལ་ཡོད་འདུག

དེང་གི་འཛམ་གླིང་ནང་དམིགས་ཡུལ་འདྲ་མིན་ཆེད་དུ་དྲ་ཐོག་ནས་གནས་ཚུལ་རྫུན་མ་ཁྱབ་སྤེལ་གཏོང་མཁན་ཚོགས་སྒེར་དང་སྲིད་གཞུང་སོགས་མང་པོ་ཞིག་ཡོད་པ་ལྟར། ལོ་སྔོན་མར་རྒྱ་ནག་གཞུང་གིས་ཐའེ་ཝན་འོས་བསྡུར་ཤུགས་རྐྱེན་སྤྲོད་ཆེད་དུ་གནས་ཚུལ་རྫུན་མ་ཁྱབ་སྤེལ་གྱི་ལས་འགུལ་ཤུགས་ཆེན་སྤེལ་ཡོད་པ་དང་། དེའི་ཤུགས་རྐྱེན་ངན་པས་ཐའེ་ཝན་ནང་འགལ་ཟླ་ཆེན་པོ་བཟོས་ནས་ཉེན་ཚབས་མུ་མཐུད་གནས་མུས་ཡིན་སྐོར་གྱི་ཞིབ་འཇུག་སྙན་ཐོ་ཐོན་འདུག

ཟླ་༥ པའི་ཚེས་༢༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཐའེ་ཝན་གྱི་ཞིབ་འཇུག་ལས་ཁང་(DoubleThink Lab)གིས། ཕྱི་ལོ་༢༠༡༩ ལོའི་ལོ་དཀྱིལ་ནས་ཕྱི་ལོ་༢༠༢༠ ལོའི་ལོ་དཀྱིལ་བར་གྱི། དྲ་ཐོག་གི་གནས་ཚུལ་སྟོང་ཕྲག་མང་པོར་དཔྱད་ཞིབ་བྱས་པ་བརྒྱུད། རྒྱ་ནག་གི་ལས་དོན་མི་སྣས་མང་གཙོ་ནི་ཧ་ལོག་པའི་ལམ་ལུགས་ཤིག་ཡིན་པ་སྟོན་པའི་ལོ་རྒྱུས་དང་གནས་ཚུལ་མང་པོ་ཞིག་ཁྱབ་སྤེལ་བཏང་ནས། ཐའེ་ཝན་ནང་དུ་ལྟ་བའི་འགལ་ཟླ་ཤུགས་ཆེ་རུ་བཏང་ཡོད་པའི་གྲུབ་དོན་རྙེད་སོན་བྱུང་འདུག

ཉམས་ཞིབ་ཀྱི་སྙན་ཐོའི་ནང་དུ། རྒྱ་ནག་གི་གནས་ཚུལ་རྫུན་མ་ཁྱབ་སྤེལ་གྱི་ལས་འགུལ་ཁག་གི་དམིགས་ཡུལ་ནི་འོས་བསྡུར་ཤུགས་རྐྱེན་སྤྲོད་རྒྱུ་ཙམ་མིན་པར། རྒྱ་ནག་གི་གཞུང་འཛིན་ལམ་ལུགས་དང་རིན་ཐང་གི་ལྟ་བ་དྲིལ་བསྒྲགས་བྱེད་རྒྱུ་དང་། དེ་དག་ནི་ནུབ་ཕྱོགས་ཀྱི་མང་གཙོའི་ལམ་ལུགས་ལས་བཟང་བ་ཡོད་པ་སྟོན་རྒྱུ་དེ་ཡིན་པ། ལས་འགུལ་དེ་རིགས་ཀྱིས་ཐའེ་ཝན་སྤྱི་ཚོགས་ནང་འགལ་ཟླ་ཆེན་པོ་བཟོས་ནས། མང་གཙོའི་རིན་ཐང་གི་ལྟ་བ་གཙོ་བོ་རྣམས་ལ་ཉེན་ཚབས་བཟོ་ཡི་ཡོད་སྐོར་བརྗོད་འདུག

དེ་ཡང་རྒྱ་ནག་གཞུང་གིས་རྒྱབ་སྐྱོར་ཡོད་པའི་གནས་ཚུལ་རྫུན་མ་རྣམས་ཐའེ་ཝན་གྱི་དྲ་ཐོག་ཏུ་འཇབ་རྒོལ་བྱེད་སྟངས་བཞི་ཡོད་འདུག་པ་དང་། དེ་ཡང་ཐའེ་ཝན་གྱི་གསར་འགྱུར་བརྒྱུད་ལམ་ཁག་ལ་རྒྱ་ནག་གི་དྲིལ་བསྒྲགས་ཁྱབ་སྤེལ་བྱེད་པའི་སྐུལ་མ་བྱེད་པ། རྒྱ་ནག་གི་མི་སེར་བེད་སྤྱད་ནས་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱེད་པ། དྲ་ཐོག་གི་བརྒྱུད་ལམ་རྣམས་ལ་དཔལ་འབྱོར་སོགས་ཀྱི་ཁེ་ཕན་ཐོབ་པར་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱེད་པའི་ངན་བསྐུལ་བྱེད་པ། དེ་བཞིན་ཐའེ་ཝན་གྱི་དྲ་རྒྱ་བཀོལ་སྤྱོད་པ་དང་མཉམ་ལས་བྱེད་པ་སོགས་ཡིན་འདུག

ཞིབ་འཇུག་སྙན་ཐོའི་ནང་རྒྱ་ནག་གི་གནས་ཚུལ་རྫུན་མ་ཁྱབ་སྤེལ་གྱི་ལས་འགུལ་དེ་དག་གིས། སྤྱི་ཚོགས་ལ་འགལ་ཟླ་བཟོ་བ་དང་། ལྟ་བ་ཁག་ཅིག་ལ་སྐྱོན་བརྗོད་དྲག་པོ་བྱས་ཏེ་གསང་བའི་གནས་ཚུལ་རྫུན་བཟོ་བྱེད་ཀྱི་ཡོད་པས། ལས་འགུལ་དེ་དག་བཙན་ཤུགས་ཆེ་བ་དང་ཤུགས་རྐྱེན་ངན་པ་ཡིན་པས། རྒྱལ་ཁབ་ཁག་གིས་དེ་དག་བཀག་འགོག་ཆེད་དུ་ཁྲིམས་གསར་བཟོ་སོགས་བྱེད་དགོས་པའི་བསམ་འཆར་བཏོན་འདུག

དེ་བཞིན་ལོ་སྔོན་མའི་འོས་བསྡུར་རྒྱ་ནག་གི་ལས་འགུལ་དེ་དག་གིས། ཐའེ་ཝན་གྱི་སྲིད་འཛིན་ཚཡེ་དབྱིང་ཝན་ལ་ལྡོག་ཕྱོགས་ཀྱི་གནོད་སྐྱེལ་ཐུབ་མེད་ཀྱང་། ལས་འགུལ་དེ་དག་གི་ཤུགས་རྐྱེན་མུ་མཐུད་གནས་བཞིན་ཡོད་པ་དང་། དེ་དག་གིས་ཁ་འཐོར་གྱི་སྤྱི་ཚོགས་ཤིག་བསྐྲུན་ཡོད་ཁར། ད་བར་ཐའེ་ཝན་གྱི་ལོ་རྒྱུས་ནང་། ལྟ་བ་ལངས་ཕྱོགས་ཀྱི་འགལ་ཟླ་ཚབས་ཆེན་པོ་དེ་འདྲ་བྱུང་མྱོང་མེད་སྐོར་དང་། རྒྱ་ནག་གིས་ཐབས་བྱུས་དེ་འཛམ་གླིང་གང་སར་བེད་སྤྱོད་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

རྒྱ་ནག་གི་ལས་དོན་མི་སྣ་ཚོས་ཁ་ནས་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱེད་ཀྱི་ཡོད་པ་དེར་རྒྱལ་སྤྱིའི་རྒྱལ་ཁབ་ཚོས་དོགས་གཟོན་བྱེད་དགོས་ཀྱི་ཡོད་པ་དང་། ཁ་ནས་ཁྱབ་སྤེལ་བཏང་བའི་གནས་ཚུལ་རྫུན་མ་རྣམས་དྲ་ཐོག་གི་གནས་ཚུལ་རྫུན་མར་འགྱུར་ནས་ཤུགས་རྐྱེན་ཆེན་པོ་ཆགས་ཉེན་ཡོད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།