ལྐོག་གྱུར་གྱི་མའེ་ཁལ་ནི་ཨ་སྒོར་དུང་ཕྱུར་བཅུ་ཕྲག་འགའི་གསེར་གྱི་མགོ་སྐོར་དང་འབྲེལ་བ་ཡོད།

1997 བར་གསེར་འཚོལ་ཕྱིར་ས་དོང་འབྲུ་སྐབས།

ལོ་མང་གི་སྔོན་ཞིག་ན་མའེ་ཁལ་Michael de Guzman ཟེར་བའི་ཁེ་ན་ཌ་ཡི་གཏེར་ལས་ཚོགས་པའི་ས་གཤིས་དཔྱད་རིག་མཁས་པའི་གཙོ་འཛིན་པ་ཞིག་གིས་ཨིན་ཌོ་ནེ་ཤི་ཡའི་ཤིང་ནགས་ཚལ་ཁྲོད་ནས་གསེར་གྱི་གཏེར་ཁ་ཆེན་པོ་ཞིག་རྙེད་སོང་ཞེས་ཁྱབ་བསྒྲགས་བྱས་ཏེ། མི་མང་གི་ལག་ནས་སྒོར་ཐེར་འབུམ་༦ མགོ་སྐོར་བཏང་། མི་དེའི་ཤི་རྐྱེན་ནི་ལྐོག་གྱུར་གྱི་གསང་བ་ཞིག་རེད་འདུག
ཟླ་འདིའི་ཚེས་༡༩ ཉིན་བྷི་བྷི་སི་ཡིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༡༩༩༧ ཟླ་༣ ཚེས་༡༩ ཡི་ཞོགས་པར་མཡེ་ཁལ་Michael de Guzman ཟེར་བའི་ཁེ་ན་ཌའི་གཏེར་ལས་ཚོགས་པ་Bre-X Minerals ཟེར་བའི་འགོ་འཛིན་དང་ས་གཤིས་དཔྱད་རིག་མཁས་པ་མའེ་ཁལ་ཐད་འཕུར་གནམ་གྲུའི་ནང་ཨིན་ཌོ་ནེ་ཤི་ཡའི་ཤིང་ནགས་སུ་བསྐྱོད་འདུག་པ་དང་།  དེ་ལྟ་བུའི་འགྲུལ་བཞུད་ནི་ཁོས་རྒྱུན་ལྡན་མང་པོ་བྱས་ཡོད་འདུག་ཀྱང་། ད་ལན་དེར་ཁོའི་འགྲུལ་བཞུད་མཐའ་མ་དེ་ཡིན་པ་སུས་ཤེས།འགྲུལ་བཞུད་བྱེད་དགོས་དོན་ནི་ཁོང་ཚོར་ས་ཆ་དེར་གསེར་ཡོད་པའི་སྙན་ཐོ་འབྱོར་བས་ཡིན་འདུག ཐད་འཕུར་གནམ་གྲུར་འཕུར་ནས་སྐར་མ་ཉི་ཤུའི་རྗེས་གནམ་གྲུའི་གཡོན་ཕྱོགས་ཀྱི་སྒོ་དེ་ཕྱེས་ཏེ་མའེ་ཁལ་གནམ་གྲུ་ནས་ཟགས་འདུག གཏེར་ལས་ཚོགས་པའི་སྤྱི་ཁྱབ་འགོ་འཛིན་པས་མའེ་ཁལ་ལ་ན་ཚ་མང་ཡོད་པའི་རྐྱེན་གྱིས་རང་ཤི་བརྒྱབ་ཡིན་ཚུལ་འགྲེལ་བཤད་བརྒྱབས་འདུག
ལོ་བཅུའི་རྗེས་ཁེ་ན་ཌའི་གསར་འགོད་ཚོགས་པ་Calgary Herald ཡིས་སུ་ཛེནSusanne Wilton ཞེས་པའི་གསར་འགོད་པ་ཞིག་མའེ་ཁལ་གྱི་ཤི་རྐྱེན་སྐོར་ཞིབ་འཇུག་བྱེད་པར་བཏང་ཡོད་འདུག ཁོང་མོས་ང་རང་འཛམ་གླིང་གི་ལམ་ཕྱེད་ཙམ་བསྐོར་ནས་བཏང་བྱུང་། སྒྲུང་འདིས་དུས་དེ་ནས་བཟུང་ང་ལ་སུན་སྣང་སྟེར་གྱིན་འདུག་ཅེས་བཤད།  ད་ལྟ་ཁོ་མོ་སླར་ཡང་ལེ་ཚན་གསར་པ་ཞིག་གི་ཆེད་དུ་གནད་དོན་དེའི་ཐོག་ལ་སླེབས་ཡོད་དེ། ལས་དབང་གིས་བསྐོས་པའི་ཐད་འཕུར་གནམ་གྲུའི་འགྲུལ་བཞུད་དེའི་སྔོན་ལ་ཅི་ཞིག་བྱུང་བའི་སྐོར་ལ་གཏིང་ཟབ་པོར་སྔོག་འདོན་བྱེད་བཞིན་ཡོད་པར་བརྗོད།
མའེ་ཁལ་ནི་ཕྱི་ལོ་༡༩༥༦ ཟླ་༢ ཚེས་༡༤ ཉིན་ཕྷི་ལི་ཕིན་ནང་སྐྱེས་པ་དང་ལུང་པ་མི་འདྲ་བ་ལ་ཆུང་མ་རེ་རེ་བཅས་ཆུང་མ་བཞི་ཡོད་འདུག ཁོས་རང་ཉིད་ཨིན་ཌོ་ནེ་ཤི་ཡའི་ནང་རྒྱུ་ཕྱུག་ཤོས་ཆགས་ཐུབ་པར་ཡིད་ཆེས་བྱེད། ཇོན་John Felderhof ཟེར་བའི་ས་གཤིས་དཔྱད་རིག་མཁས་པ་ཞིག་Borneo ཞེས་པའི་མཚོ་གླིང་ཐོག་གསེར་གྱི་གཏེར་ཁ་ཡོད་པ་ཤེས་ཀྱང་གཏེར་ཁ་འདོན་པར་ཁོ་ལ་དངུལ་མེད་པས། ཕྱི་ལོ་༡༩༩༣ ཟླ་༤ པར་ཁེ་ན་ཌ་ཡི་གཏེར་ལས་ཚོགས་པBre-X Minerals གྱི་སྤྱི་ཁྱབ་འགོ་འཛིན་པ་ཌེ་ཝིཊ་David Walshདང་ལྷན་དུ་ཚོང་འབྲེལ་བཞག་ཡོད་འདུག ཇོན་གྱིེས་ས་ཐོག་ལས་འགུལ་སྟངས་འཛིན་བྱས་པ་དང་། གཏེར་ཁ་འཚོལ་བའི་ལས་གཞིའི་རོགས་ཟླ་ཁོའི་གྲོགས་པོ་མའེ་ཁལ་དགོས་ཞེས་གསལ་པོར་བཤད་ཡོད་འདུག འོན་ཀྱང་ཨིན་ཌོ་ནེ་ཤི་ཡའི་གཞུང་གིས་སྤྲད་པའི་ཁྲིམས་མཐུན་ལག་འཁྱེར་དེ་ཕྱི་ལོ་༡༩༩༣ ཟླ་༡༢ ཚེས་༡༨ ལ་དུས་ཚོད་རྫོགས་ཀྱི་ཡོད་པས་གཏེར་ཡོད་མེད་ལྟ་བར་ཉིན་ཤས་མ་གཏོགས་ལྷག་མེད་པའི་མཚམས་དེར། ས་དོང་གཉིས་བྲུས་ཀྱང་གསེར་མཐོང་རྒྱུ་མེད་པས་ཉིན་གཅིག་མའེ་ཁལ་གྱི་གཉིད་ལམ་ནང་ལ་གསེར་ག་པར་ཡོད་མེད་མཐོང་སོང་ཞེས་ཌེ་ཝིཊ་ལ་ལབ་པས་ས་དོང་ཐེངས་གསུམ་པ་བྲུས་པས་གསེར་རྙེད་ཡོད་འདུག ས་དོང་བཞི་པར་གསེར་དེ་ལས་མང་བ་རག་རྒྱུའི་རེ་བ་སྤྲད། ལོ་གསུམ་རྗེས་དངུལ་མ་འཛུགས་ཧ་ཅང་མང་དུ་ཕྱིན་པས་གཏེར་ལས་ཚོགས་པ་དེའི་རིན་འབབ་ཁེ་ན་ཌ་ཡི་སྒོར་མོ་ཐེར་འབུམ་དྲུག་ལ་གྱུར་འདུག་ཅིང་། ཁེ་ན་ཌའི་གྲོང་རྡལ་ཆུང་ངུ་ཁག་གི་མི་མང་པོ་ཞིག་གསེར་འཚོལ་བའི་ལས་འགུལ་ལ་ཞུགས་ནས་གསོག་དངུལ་ཨ་སྒོར་འབུམ་ཕྲག་དུ་མའི་མ་དངུལ་བཏང་ཡོད།དེ་བཞིན་མི་དམངས་མང་པོ་ཞིག་གིས་རང་གི་དངུལ་དག་ཁོང་ཚོར་མ་འཛུགས་བྱས་ཡོད་འདུག ཕྱི་ལོ་༡༩༩༧ ཀྱི་སྔོན་ཙམ་ལ་ཨིན་ཌོ་ནེ་ཤི་ཡའི་དེའི་སྐབས་སྲིད་འཛིན་Suharto གྱིས་གཏེར་ལས་ཚོགས་པ་ཆུང་ཆུང་ཞིག་གིས་ས་ཆ་བདག་དབང་དང་ཁེ་ཕན་ཡོང་རྫོགས་ཟ་མི་ཆོག་པ་དང་འབྲས་བུ་ཐོབ་པ་རྣམས་ཨིན་ཌོ་ནེ་ཨི་ཡའི་གཞུང་ལ་བགོས་དགོས་པ་མ་ཟད། གཏེར་ལས་ཚོགས་པ་ཉམས་མྱོང་ཅན་དང་མཉམ་དུ་གཏེར་འཚོལ་རྒྱུའི་བཀའ་གཏང་ཡོད་འདུག དེ་ནས་ཨ་རིའི་ཚོགས་པ་Freeport-McMoRan ཟེར་པ་ཞིག་དང་ཚོང་འབྲེལ་བཞག་ཡོད་འདུག
ཨ་རིའི་ཚོགས་པ་དེས་རིན་ཐང་ཅན་གྱི་གཏེར་ཁ་སྔོག་འདོན་དང་འབྲེལ་བའི་དཔལ་འབྱོར་གྱི་ཉེན་ཁ་ཡོད་ཚད་རང་ཐོག་ཏུ་ལེན་རྒྱུའི་མོས་མཐུན་མ་བྱས་གོང་། ཁོང་ཚོ་སོ་སོས་ཞིབ་འཇུག་བྱེད་དགོས་ཀྱི་ཡོད་པ་དང་། ཁོང་ཚོའི་ས་ཁམས་རིག་པ་བ་རྣམས་བུ་སང་གཏེར་ཁའི་ས་ཁུང་གཉིས་སུ་བརྐོ་བར་མངགས་ཤིང་། Twinning ཟེར་བའི་ཚད་ལྡན་གྱི་བརྟག་དཔྱད་དེ་ཡིན་གཅིག་གཏེར་ལས་ཚོགས་པས་བྱེད་དགོས་ཡོད་པ་དང་། དེ་Bre-X Minerals ཟེར་བའི་ཁེ་ན་ཌའི་ཚོགས་པ་དེས་བྱས་མེད་པས་ཨ་རིའི་ཚོགས་པས་བརྟག་དཔྱད་བྱས་ནས་ཚོང་འབྲེལ་ཁས་ལེན་རྒྱུ་བྱས་ཡོད་འདུག བརྟག་དཔྱད་ཀྱི་གྲུབ་འབྲས་ནང་གསེར་མེད་པ་ཤེས་ཡོད་འདུག མའེ་ཁལ་ཊོ་རོན་ཊོ་ལ་སྡོད་སྐབས་་ཁོ་Busang ཟེར་བ་ལ་གསལ་བཤད་བྱེད་པར་ཤོག་ཅེས་སྐད་བཏང་ཡོད་འདུག འོན་ཀྱང་མའེ་ཁལ་ཁེ་ན་ཌ་ནས་སིང་གྷ་པོར་ལ་རང་གི་ཆུང་མ་དང་ཕྲུ་གུ་གཉིས་ཡོད་པའི་རྩར་ཕྱིན། དེ་རྗེས་ཁོ་རང་དང་ཚོགས་པ་གཅིག་པའི་ལས་བྱེད་ཝེ་གྷ་Rudy Vega དང་ལྷན་དུ་རྒྱལ་ས་Balikpapan ལ་སོང་།ཝེ་གྷ་ཡང་སྤྱི་གཉེར་ཁང་གི་ཧྥི་ལི་ཕིན་གྱི་མཚོ་ཞིབ་རུ་ཁག་གཉིས་པའི་ཁོངས་གཏོགས་ཡིན་པས། ཁོ་དང་མཉམ་དུ་ཨ་རིའི་ཚོགས་པ་དེར་ཁ་གཏད་གཅོག་པའི་འགྲུལ་བཞུད་བྱེད་དགོས་ངེས་སུ་གྱུར། ཚོགས་པས་ཝེ་གྷ་ཡང་མའེ་ཁལ་དང་ལྷན་དུ་ཨ་རི་ཚོགས་པ་ལ་འགྲེལ་བཤད་རྒྱག་ཏུ་བཏང་ཡོད་འདུག ཝེ་གྷས་ཨིན་ཌོ་ནེ་ཤི་ཡའི་ཉེན་རྟོག་པ་ལ། དེ་རྗེས་ཁོ་རང་གཉིས་གཞས་གཏོང་སའི་ཆང་ཁང་ཞིག་ལ་ཕྱིན་ཡོད་པ་དང་། མགྲོན་ཁང་ལ་སླེབས་རྗེས་མའེ་ཁལ་གྱིས་རང་སྲོག་གཅོད་གྲབས་བྱས་ཡོད་པར་བཤད་འདུག སང་ཞོགས་དེར་Samarinda ཟེར་བའི་Busang གི་ཉེ་འགྲམ་གྱི་གྲོང་ཁྱེར་དེར་ཐད་འཕུར་གནམ་གྲུའི་ཐོག་ཕྱིན་འདུག དེ་ནས་ཐད་འཕུར་གནམ་གྲུའི་ནང་ཝེ་གྷ་མཉམ་དུ་ཕྱིན་མེད་པ་དང་། གནམ་གྲུའི་ནང་མའེ་ཁལ་དང་མཉམ་དུ་མི་གཞན་གཉིས་ཡོད་འདུག མི་གཉིས་དེ་ནི་གནམ་གྲུའི་ཁ་ལོ་བ་ཡིན་པ་དང་ཁ་ལོ་བ་གཉིས་ནས་གཅིག་ནི་ནམ་རྒྱུན་གྱི་ཁ་ལོ་བ་དེ་ཡིན་མི་འདུག ཡ་མཚན་པ་ཞིག་ལ་ནམ་རྒྱུན་མའེ་ཁལ་རྒྱལ་ས་Balikpapan ནས་ཐད་ཀར་Busang ལ་འགྲོ་གི་ཡོད་པ་ལས།Samarinda ཚུགས་འབབ་ཀྱི་མེད། སྐབས་དེར་གནམ་གྲུའི་ཁ་ལོ་བས་ཐོག་མའི་སྐད་ཆ་ཞིག་བཤད་རྗེས་འགྲུལ་བཞུད་དེའི་སྐོར་ཕལ་ཆེར་མ་བཤད། འོན་ཀྱང་ཝིལ་ཊོན་ཟེར་བས། ཁོས་མའེ་ཁལ་ལ་ཅི་ཞིག་བྱུང་བ་དེར་འབྲེལ་བ་ཡོད་པ་ཁས་ལེན་བྱས་མེད་ལ། མུ་མཐུད་དུ་ཅི་ཞིག་བྱུང་བ་དེ་མཐོང་མེད་ཅེས་བཤད་ཡོད་འདུག ཕྱི་ལོ་༡༩༩༧ ཟླ་༣ ཚེས་༡༩ ཡི་ཆུ་ཚོད་༡༠ཿ༣༠ ཙམ་ལ་མའེ་ཁལ་ཤི་ཡོད་པར་བརྗོད་འདུག་ལ།  དེ་ཡང་རང་ཤི་རྒྱག་དགོས་དོན་བཀོད་པའི་ལག་བྲིས་བྱས་པའི་ཡི་གེ་ཞིག་གནམ་གྲུའི་ནང་ནས་རྙེད་པ་དང་རོ་དེ་ཉིན་བཞི་ཡི་རྗེས་སུ་ཤིང་ནགས་ཁྲོད་ནས་རག་ཡོད་འདུག 
མའེ་ཁལ་གྲོངས་ནས་བདུན་ཕྲག་དྲུག་གི་རྗེས་སུ་མི་ཚང་མའི་Busang་གི་གསེར་གྱི་རྨི་ལམ་དེ་མཇུག་བསྒྲིལ་ནས་མ་འཛུགས་བྱེད་མཁན་རྣམས་རེ་ཐག་ཆད་པར་གྱུར། རང་དབང་གི་སྙན་ཐོ་ཞིག་གི་ནང་ལ་དང་པོ་ནས་གསེར་གཅིག་ཀྱང་མེད་པ་གསལ་བ་དང་། ༡༩༩༥ ནས ༡༩༩༧ ལོའི་བར་གྱི་རྡོའི་དཔེ་མཚོན་ལ་ཞིབ་འཇུག་བྱས་པའི་གྲུབ་དོན་ལ་གཞིགས་ན། རྡོའི་ནང་དུ་ཚྭ་གཏོར་ཡོད་པ་དང་། གཏེར་ཁ་གཞན་ཞིག་ནས་ཐོན་པའི་གསེར་གྱི་དུམ་བུ་རྣམས་ཚྭ་གཏོར་ཆས་བརྒྱུད་ནས་བྲག་རྡོའི་ནང་དུ་གཏོར་ཡོད་པ་ཤེས། དངུལ་མ་འཛུགས་བྱེད་པོ་མི་དམངས་རྣམས་ཀྱི་དངུལ་འབོར་ཆེན་པོ་ཞིག་གཡོ་ཁྲམ་དེའི་འོག་ཏུ་ཤོར་ཡང་ལོ་ངོ་༣༠ ཙམ་ཕྱིན་ཀྱང་མི་ངན་སུ་ཡང་འཛིན་ཟུང་བྱེད་ཐུབ་མེད།
དེ་ལྟར་ཡིན་ཡང་མའེ་ཁལ་རང་ཉིད་ཀྱིས་གཡོ་ཟའི་ལས་འདི་ཡི་འགོ་ཁྲིད་དེ། ཁོ་རང་ཡིན་པ་ངོས་ལེན་བྱེད་མ་ཕོད་ནས་རང་ཤི་བརྒྱབ་པ་ཡིན་ནམ། 

སུ་ཛེན་གྱིས་མའེ་ཁལ་གྱི་རང་ཤིེ་རྒྱག་དགོས་པའི་སྐོར་གྱི་ཡི་གེ་དེ་དོགས་གཞི་ཅན་ཞིག་རེད་འདུག ཅེས་བཤད་ཡོད་འདུག  ཡི་གེ་དེའི་ནང་ཁོ་རང་གི་གཟུགས་པོའི་ན་ཚ་སྐོར་བཤད་འདུག་ཀྱང་དོན་དངོས་སུ་ཁོའི་སྤུན་མཆེད་ཚོས་ཁོར་ན་ཚའི་དཀའ་ངལ་ཡོད་པ་གང་ཡང་བཤད་མི་འདུག  གཞན་ཡང་སུ་ཛེན་གྱི་བཤད་པ་ལྟར་ན། མའེ་ཁལ་གྱིས་གཏེར་ལས་ཚོགས་པའི་དངུལ་རྩིས་ཀྱི་འགན་འཛིན་ལ་ཡི་གེ་བཏང་ཡོད་པ་དང་དེའི་ནང་ཁོ་རང་གི་ཆུང་མ་དག་གི་མིང་གི་དག་ཆ་ནོར་ཏེ་བྲིས་ཡོད་འདུག 
མའེ་ཁལ་ནང་མི་ཡིས་སྨན་པ་མོ་ལི་ནོ་Dr Benito Molino ཟེར་བ་ཞིག་གླས་ཡོད་པ་དང་། དེས་ཕུང་པོ་ལ་ཞིབ་འཇུག་བྱས་པའི་སྙན་ཐོ་ཞིག་འགྲེམས་སྤེལ་བྱས་ཡོད་འདུག ཕུང་པོའི་པར་ནང་མའེ་ཁལ་གྱི་སྐེ་ལ་སྨུག་ཐིག་ཡོད་པ་མཐོང་རྗེས། སྨན་པ་མོ་ལི་ནོ་ཡིེས་སྐེ་བཙིར་ནས་བསད་ཡོད་པ་དང་། 
ཁོ་བསད་པའི་རྗེས་ལ་རང་ཤི་ཡིན་ཁུལ་གྱིས་གནམ་གྲུ་ནས་གཡུགས་ཡིན་པ་འདྲ་ཞེས་བརྗོད་འདུག

ཡང་ན་རོ་དེ་མའེ་ཁལ་གྱི་ཡིན་ནམ། 
མའེ་ཁལ་གྱི་ཆུང་མ་ཇེ་ནི་Genie ཡི་བཤད་པ་ལྟར་ན། མའེ་ཁལ་གྱིས་སོ་རྫུན་མ་སྤྲས་ཡོད་འདུག་ཀྱང་ཕུང་པོ་དེར་སོ་དངོས་གནས་ཡོད་འདུག ཡིན་ཡང་སོ་ཡི་སྨན་ཁང་གི་ཡིག་ཆ་དེ་མའེ་ཁལ་གྱི་ནང་མིས་འགྲེམས་སྤེལ་བྱས་མི་འདུག ཇེ་ནིའི་གྲོགས་མོ་མན་སུར་Mansur Geiger གྱིས།  ཇེ་ནི་ཡིས་མའེ་ཁལ་ལྷོ་ཨ་མེ་རི་ཁར་བྲོས་ཡོད་པ་བཤད་འདུག་ལ། མའེ་ཁལ་གྱི་བུས་ཀྱང་ཨ་མ་དང་མཉམ་དུ་ཕ་རྒན་མའེ་ཁལ་གསོན་པོར་འཚོ་གནས་བྱེད་བཞིན་ཡོད་པར་བརྗོད་པ་དང་། Geiger གྱིས་ཀྱང་མའེ་ཁལ་ད་ལྟ་Cayman Islands ཞེས་པའི་མཚོ་གླིང་དེར་བསྡད་ཡོད་པ་ཡིད་ཆེས་བྱེད་ཀྱི་ཡོད་འདུག 

མའེ་ཁལ་གྱིས་རང་ཉིད་འཆི་བའི་རྫུ་བག་བྱེད་ཆེད་དུ་ཕུང་པོ་ཞིག་བླངས་ཏེ་ཆེས་མཐའ་མའི་འཕུར་སྐྱོད་ལ་ཞུགས་རྒྱུའི་བཀོད་སྒྲིག་བྱས་ཡོད་དམ། ཁོ་ཐ་ན་ཐད་འཕུར་གནམ་གྲུའི་ནང་དུའང་འཛུལ་ཡོད་དམ་ཞེས་པ་ནི་དྲི་བ་ཞིག་ཡིན་འདུག 

གསར་འགོད་པ། བསྟན་འཛིན་གཡང་འཛོམ།