ལྕགས་རྟའི་རྒྱང་བསྐྱོད་ཀྱི་བོད་དོན་ལས་འགུལ།
ཟླ་འདིའི་ཚེས་༢༥ ཏེ་༧པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་དགུང་གྲངས་༣༠ ཕེབས་པའི་སྐུའི་འཁྲུང་སྐར་ཉིན། བྷེལ་རྗམ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ལྕགས་རྟའི་རྒྱང་བསྐྱོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།
དེ་ཡང་བྷེལ་རྗམ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག བྷེལ་རྗམ་གྱི་གྲོང་ཁྱེར་ཨན་ཐྲུ་ཝེར་པེན་ནས་རྒྱལ་ས་བྷུ་རུ་སལ་བར་དུ་སྤྱི་ལེ་༥༠ ལྷག་གི་ལམ་ཐག་ལ་མི་གྲངས་སུམ་བཅུ་ཐམ་པས་ལྕགས་རྟ་ཞོན་ནས་སྐོར་བསྐྱོད་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ལས་འགུལ་དེའི་དགོས་འདུན་ནི། ༡ པཎ་ཆེན་རིན་པོ་ཆེ་མྱུར་དུ་ཀློད་བགྲོལ་གཏོང་དགོས་པ། ༢ ད་ལྟ་རྒྱ་དམར་གཞུང་གིས་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ལ་ལག་པ་འཆིང་བཞིན་པ་ནི་ལོ་རྒྱུས་དང་རིག་གཞུང་། ཁྲིམས་ལུགས་སོགས་གང་གི་ཆ་ནས་ཀྱང་དབང་ཆ་མེད་པ་ཞིག་དང་། ཇུས་ཏོག་མེད་པ་ཞིག་ཡིན་པས་བོད་མི་སུ་གཅིག་གིས་ཀྱང་ངོས་ལེན་མི་བྱེད། ༣ བོད་ནི་ལོ་རྒྱུས་རིང་བཞིན་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པས་རྒྱ་ནག་གིས་བཙན་བཟུང་དབང་བསྒྱུར་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན་ཞེས་ས་གནས་གཞོན་ནུའི་ཚོགས་གཙོ་སྲུང་བཙན་གྱིས་གསུངས་སོང་།
ལྕགས་རྟའི་སྐོར་བསྐྱོད་ཉིན་གནམ་གཤིས་གྲང་བ་དང་ཆར་རླུང་ལྡང་བས་དཀའ་ངལ་ཆེ་བ་ཙམ་དུ་མ་ཟད་རྒྱང་བསྐྱོད་གཞུང་ལམ་ཐོག་ཉེན་ཁ་ཡང་ཧ་ཅང་ཆེན་པོ་འདུག་ན་ཡང་། ལས་འགུལ་བ་རྣམས་སེམས་ཤུགས་ཆེན་པོ་དང་ཆོད་སེམས་བརྟན་པོས་བསྐྱོད་ཡོད་པ་དང་། ལམ་བར་ནས་ལྕགས་རྟ་གསུམ་ལ་སྐྱོན་ཤོར་བ་དང་ལས་འགུལ་བ་བུད་མེད་གཅིག་ལ་བརྡབ་སྐྱོན་ཕྲན་ཙམ་བྱུང་བ་ལས་གཞན་ཉེན་ཁ་གང་ཡང་མེད་པར་སླེབས་ཡོད་པ་རེད།
བྷུ་རུ་སལ་ནི་བྷེལ་རྗམ་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་པས་མ་ཚད་ཡོ་རོབ་སྤྱི་མཐུན་གྱི་གྲོས་ཚོགས་དང་འཛིན་སྐྱོང་ལྷན་ཁང་བཅས་ཀྱི་ལྟེ་གནས་གཙོ་བོ་དེ་ཡིན་པས་ཡོ་རོབ་ཁུལ་གྱི་ཆབ་སྲིད་ཀྱི་ལྟེ་གནས་གལ་ཆེན་ཞིག་ཡིན་པ་རེད། ལྕགས་རྟའི་སྐོར་བསྐྱོད་པ་རྣམས་དམིགས་སར་སླེབས་པ་དང་ས་གནས་ཀྱི་བོད་རིགས་ཚོགས་པ་དང་། བྷེལ་རྗམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་། ས་གནས་བུད་མེད་ཚོགས་པ། ཆུ་བཞི་སྒང་དྲུག་ས་རྒྱུན། མདོ་སྨད་ས་རྒྱུན། ས་གནས་དབུས་གཙང་ཚོགས་པ་བཅས་ཀྱིས་ཀྱང་སྣེ་ལེན་བྱས་ཡོད་པ་རེད། དེ་བཞིན་ལས་འགུལ་དེའི་མགོ་མཇུག་བར་གསུམ་དུ་བོད་ཀྱི་ཚོགས་པ་དང་མི་སྒེར་མང་པོ་ཞིག་གིས་རྒྱབ་སྐྱོར་དང་བསྔགས་བརྗོད་ཀྱང་བྱས་ཡོད་པ་རེད་ལ། ལམ་བར་ནས་ས་གནས་མི་སེར་ཚོས་ཀྱང་ཁྱེད་ཚོར་རྒྱབ་སྐྱོར་ཡོད་ཅེས་སྐད་འབོད་བྱེད་མཁན་ཡང་བྱུང་ཡོད་འདུག
མཇུག་མཐར་ལས་འགུལ་བ་རྣམས་ཀྱིས་༧པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུང་སྐར་སྲུང་བརྩི་མཚོན་པའི་སྐོར་བྲོ་འཁྲབ་སྟེ་ལས་འགུལ་མཇུག་བསྡུས་ཡོད་པ་རེད།།
གསར་འགོད་པ་ནགས་ཕྲན་པ་བསོད་ནམས་ཚེ་རིང་གིས་ས་གནས་ནས།