ལྕམ་ཇཱ་སིན་ཌ་ཨར་ཌན་གྱི་སྲིད་དོན་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཆེན་པོ་ཐོབ་འདུག
རྒྱལ་སྤྱིའི་ནང་སྔོན་ཐོན་དང་གུ་ཡངས་ཀྱི་བསམ་བློ་འཛིན་མཁན་ཚོས་གུས་བརྩི་ཆེན་པོ་བྱེད་ཡུལ་ནིའུ་ཛི་ལན་ཌའི་སྲིད་བློན་ལྕམ་ཇཱ་སིན་ཌ་ཨར་ཌན་ལ། ནིའུ་ཛི་ལན་ཌ་མི་མང་གིས་བསྐྱར་དུ་རྒྱབ་སྐྱོར་ཆེན་པོ་བྱས་ནས། ཁོང་གི་སྲིད་དོན་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཆེན་པོ་ཐོབ་ནས་ཁོང་སྲིད་བློན་དུ་བསྐྱར་དུ་འདེམས་ཐོན་བྱུང་འདུག
དེ་ཡང་ཟླ་༡༠ པའི་ཚེས་༡༧ ཉིན་ནིའུ་ཛི་ལན་ཌ་མི་མང་གིས་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུར་མཉམ་ཞུགས་བྱས་ཡོད་པ་དང་། འོས་བསྡུའི་དྲིལ་བསྒྲགས་ལས་རིམ་སྐབས་ནས་ལས་ཁུར་སྲིད་བློན་ལྕམ་ཇཱ་སིན་ཌ་ཨར་ཌན་གྱིས་འདས་པའི་ལས་ཡུན་ནང་ལས་ཁུར་གྱི་གྲུབ་འབྲས་ལ་བརྟེན་ནས། ཁོང་གི་སྲིད་དོན་ཚོགས་པར་རྒྱལ་ཁ་ཐོབ་རྒྱུ་ཡིན་པ་གཏན་འཁེལ་ཡིན་ཡང་། སྲིད་དོན་ལམ་ལུགས་བསྒྱུར་བཅོས་བཏང་བའི་རྗེས་ནས་ད་བར་རྒྱལ་ཁབ་དེའི་ནང་སྲིད་དོན་ཚོགས་པ་ཞིག་ལ། གྲོས་ཚོགས་ནང་རྐུབ་སྟེགས་མང་མོས་ཐོབ་མཁན་བྱུང་མེད་པས། ད་བར་གཞུང་འཛིན་སྲིད་དོན་ཚོགས་པ་དེ་ནི་སྲིད་དོན་ཚོགས་པ་ཁག་ཅིག་ཟླ་སྒྲིལ་བྱས་པ་ཤ་སྟག་ཡིན་པས། ཐེངས་འདིར་སྲིད་དོན་ཚོགས་པ་གཅིག་གིས་གཞུང་འཛིན་བྱེད་ཐུབ་པའི་རྒྱལ་ཁའི་ཚད་གཞི་དེར་སླེབས་ཐུབ་མིན་གྱི་ཚོད་དཔག་འདྲ་མིན་བྱས་ཡོད་པ་རེད།
འོས་བསྡུའི་གྲུབ་དོན་དུ་ཁོང་གི་སྲིད་དོན་ཚོགས་པ་ངལ་རྩོལ་ཚོགས་པར་གྲོས་ཚོགས་ཀྱི་རྐུབ་སྟེགས་༡༢༠ ནས་༦༤ ཐོབ་འདུག སྤྱིར་བཏང་ཁོང་གི་སྲིད་དོན་ཚོགས་པས་གཞུང་འཛིན་ཚོགས་པ་བྱེད་པའི་དགོས་ངེས་ཀྱི་རྐུབ་སྟེགས་གྲངས་ལོན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཞག་ཡོད་ཀྱང་། གྲོས་ཚོགས་ནང་དུ་དང་དེ་བཞིན་རྒྱལ་ཁབ་ནང་དུ་ཁོང་གི་སྲིད་བྱུས་དང་ལས་འཆར་ཁག་ལ་མོས་མཐུན་རྒྱབ་སྐྱོར་མང་བ་ཐོབ་ཆེད་དུ། གྲོས་ཚོགས་ནང་རྐུབ་སྟེགས་༡༠ ཐོབ་མཁན་ལྗང་ཁུ་ཚོགས་པ་ཟླ་སྒྲིལ་བྱེད་ཐབས་ལ་འབད་བཞིན་ཡོད་འདུག
དེ་ཡང་ཐེངས་འདིའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་གྲུབ་དོན་ལ་གཞིགས་ན། གྲོས་ཚོགས་གསར་པ་དེ་ནི་ད་བར་མི་རིགས་དང་ཕོ་མོ་འདྲ་མིན་གྱི་སྐུ་ཚབ་མང་ཤོས་ལྡན་པའི་གྲོས་ཚོགས་དེ་ཆགས་རྒྱུ་ཡིན་འདུག དེ་ཡང་ངལ་རྩོལ་སྲིད་དོན་ཚོགས་པ་ནས་འདེམས་ཐོན་བྱུང་བའི་གྲོས་ཚོགས་འཐུས་མི་ཁོངས་སུ་རྒྱལ་ཁབ་དེའི་གདོད་མའི་མི་རིགས་མའོ་རཱི་མི་རིགས་༡༠ དང་། ཐེངས་དང་པོར་ཨ་ཕེ་རི་ཀའི་མི་རིགས་གཅིག དེ་བཞིན་སིང་གྷ་ལའི་མི་རིགས་གཅིག་བཅས་འདེམས་ཐོན་བྱུང་འདུག དེ་བཞིན་འདེམས་ཐོན་བྱུང་བའི་གྲོས་ཚོགས་མི་སྣ་༦༤ ནས་ཕྱེད་ཀ་ལས་མང་བ་བུད་མེད་ཡིན་འདུག
དེ་བཞིན་ནིའུ་ཛི་ལན་ཌ་གྲོས་ཚོགས་གསར་པ་དེའི་བརྒྱ་ཆ་༡༠ ལྷག་(LGBTQ+) གི་གྲོས་ཚོགས་མི་སྣ་ཡིན་པས། དེ་ནི་རྒྱལ་སྤྱིའི་ནང་(LGBTQ+)སྐུ་ཚབ་མང་ཤོས་ལྡན་པའི་གྲོས་ཚོགས་ཆགས་རྒྱུ་རེད་འདུག དེའི་ཐོག་ལྗང་ཁུ་ཚོགས་པ་ནས་འདེམས་ཐོན་བྱུང་བའི་གྲོས་ཚོགས་མི་སྣ་༡༠ ནས་མང་ཆེ་བ་བུད་མེད་ཡིན་འདུག
འབྱུང་རིག་དང་སྤྱི་ཚོགས་ཚན་རིག་གི་སློབ་དཔོན་(Paul Spoonley ) གྱིས། ཐེངས་འདིའི་འོས་བསྡུའི་གྲུབ་དོན་གྲོས་ཚོགས་འཐུས་མི་ལོ་ངོ་༣༠ བྱས་མྱོང་མཁན་ཚུད་པའི་ལོ་རྒན་པ་དང་སྐྱེས་པ། མི་རིགས་དཀར་པོའི་གྲོས་ཚོགས་འཐུས་མི་མང་པོ་ཞིག་འདེམས་ཐོན་བྱུང་མེད་པ་དང་། འདེམས་ཐོན་བྱུང་མཁན་གྱི་གྲོས་ཚོགས་འཐུས་མི་མང་ཆེ་བ་ཞིག་ལོ་གཞོན་པ་ཡིན་སྐོར་བརྗོད་འདུག
ལྕམ་ཇཱ་སིན་ཌ་ཨར་ཌན་ཐོག་མར་ཕྱི་ལོ་༢༠༡༧ ལོར་ལོ་ན་༣༧ སྐབས་སུ་སྲིད་བློན་དུ་འདེམས་ཐོན་བྱུང་ནས། འཛམ་གླིང་ནང་བུད་མེད་ཀྱི་འགོ་ཁྲིད་ལོ་ན་ཆུང་ཤོས་དེ་ཆགས་ཡོད་པ་དང་། ཁོང་གི་ལས་ཡུན་དང་པོའི་རིང་མི་རིགས་དཀར་པོ་འཇིགས་སྐུལ་རིང་ལུགས་པས། རྒྱལ་ཁབ་དེའི་ཁ་ཆེའི་ལྷ་ཁང་གཉིས་ལ་དྲག་རྒོལ་བྱས་ཏེ་མི་གསོད་ཁྲག་སྦྱོར་གྱི་གནད་དོན་ཆེན་པོ་ལྷག་སྐབས། ལྕམ་ཁོང་གིས་གདུང་སེམས་མཉམ་བསྐྱེད་དང་རྒྱལ་ཁབ་དེའི་གོ་མཚོན་ཁྲིམས་དམ་དུ་བཏང་བ་སོགས་ཀྱི་ལས་དོན་ལ། རྒྱལ་ནང་དང་རྒྱལ་སྤྱིའི་ནང་བསྟོད་བསྔགས་ཆེན་པོ་ཐོབ་ཡོད་པ་མ་ཟད། ད་ལྟའི་ཆར་འཛམ་གླིང་ནང་ཏོག་དབྱིབས་ནད་དུག་བཀག་འགོག་གི་ལས་དོན་གྲུབ་འབྲས་ཆེ་ཤོས་ཀྱི་རྒྱལ་ཁབ་གྲས་སུ་ནིའུ་ཛི་ལན་ཌ་ཚུད་ཀྱི་ཡོད་པས། ཁོང་ལ་རྒྱལ་སྤྱི་དང་རྒྱལ་ནང་དུ་རྒྱབ་སྐྱོར་ཤུགས་ཆེ་རུ་སོང་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།