ལྕམ་ནན་སི་པི་ལོ་སིས་ཇོ་བྷ་ཌན་སྲིད་འཛིན་འོས་མིར་ཞུགས་མིན་ཐག་གཅོད་གང་མགྱོགས་བྱེད་རྒྱུའི་སྐུལ་མ་བྱས།

ཟླ་འདིའི་ཚེས་༡༠ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་སྲིད་འཛིན་འོས་མི་བྷ་ཌན་ལ་རྒྱབ་སྐྱོར་བྱེད་མཁན་ཉུང་དུ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག

པར། INDIA TODAY

ཨ་རིའི་སྲིད་འཛིན་བྷ་ཌན་ནི་ལོ་༨༡ ཡིན་ཞིང་། ཨ་རིའི་ལོ་རྒྱུས་ཁྲོད་ཀྱི་སྲིད་འཛིན་ལོ་ན་རྒས་ཤོས་སུ་གྱུར་ཡོད་འདུག ཁོང་གི་ལོ་ཚད་དང་གཟུགས་གཞི་བདེ་མིན་ཐོག་དྲི་བ་མང་པོ་ཡོང་གི་ཡོད་པ་དང་། ལྷག་པར་དུ་ཟླ་བ་སྔོན་མའིི་ནང་། སི་ཨན་ཨན་བརྙན་འཕྲིན་ཁང་གི་གཙོ་སྐྱོང་འོག ཨ་རིའི་སྲིད་འཛིན་འོས་མི་གཉིས་ཀྱི་བར་བགྲོ་གླེང་བྱེད་པའི་སྐབས། སྲིད་འཛིན་འོས་མི་བྷ་ཌན་གྱིས་དྲི་བར་ལན་འདེབས་ཡག་པོ་བྱེད་མ་ཐུབ་པ་དང་སྐད་ཆའི་སྒྲ་དག་པོ་མེད་པ། སྐབས་རེ་བློ་གཡེང་ཤོར་བ་སོགས་ཀྱི་གནས་ཚུལ་མང་དག་ཅིག་བྱུང་བར་བརྟེན། ཨ་རིའི་ནང་སྲིད་འཛིན་འོས་མི་བྷ་ཌན་ལ་རྒྱབ་སྐྱོར་བྱེད་མཁན་ཉུང་དུ་འགྲོ་བཞིན་ཡོད་འདུག 

ལོ་ན་༨༦ ལ་སོན་པའི་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ནན་སི་པི་ལོ་སི་ཡིས་བདུན་འདིའི་རེས་གཟའ་ལྷག་པའི་ཉིན།  སྲིད་འཛིན་གྱི་འོས་བསྡུའི་འགྲན་བསྡུར་ནང་ཞུགས་མིན་གྱི་ཐག་གཅོད་ནི་སྲིད་འཛིན་འོས་མི་བྷ་ཌན་གྱིས་བྱེད་དགོས་པ་དང་། ང་ཚོ་ལ་དུས་ཚོད་ཐུང་ངུ་ཞིག་ལས་མེད་པས་སྲིད་འཛིན་གྱིས་ཐག་གཅོད་གང་མགྱོགས་བྱེད་རྒྱུར་སྐུལ་མ་བྱེད་བཞིན་ཡོད་ཅེས་བརྗོད་འདུག 
དེ་བཞིན་བདུན་འདིའི་རེས་གཟའ་ལྷག་པའི་ཉིན། མང་གཙོ་ཚོགས་པར་ཨ་སྒོར་ས་ཡ་༣༠ ་ཙམ་གྱི་དཔལ་འབྱོར་འདུ་འགོད་ཀྱི་རོགས་པ་བྱེད་མཁན་དང་གློག་བརྙན་འཁྲབ་མཁན་གྲགས་ཅན་(George Clooney) ་ཡིས། ང་ཁོང་ལ་དགའ་པོ་ཡོད་ལ་ཡིད་ཆེས་ཀྱང་ཡོད། ངས་ཁོང་ནི་གྲོགས་པོ་ཞིག་ལ་བརྩི་ཡི་ཡོད། ཡིན་ན་ཡང་། ཁོང་ནི་དེ་སྔ་༢༠༢༠ ་ལོ་ཡི་བྷ་ཌན་དེ་མིན་པ་ང་ཚོ་ཀུན་གྱིས་མཐོང་པའི་བགྲོ་གླེང་གི་གར་སྟེགས་ཐོག་གི་བྷ་ཌན་དེ་རེད། བྷ་ཌན་ནི་གཡུལ་ས་མང་པོ་ལས་རྒྱལ་ཡོད་ཀྱང་།
རྒྱལ་མི་ཐུབ་པའི་གཡུལ་འཁྲུག་གཅིག་ཡོད་པ་ནི་དུས་ཚོད་རེད་ཅེས་དང་། སྲིད་འཛིན་བྷ་ཌན་ནི་འོས་བསྡུའི་ཁྲོད་ཕམ་ཁ་འབྱུང་རྒྱུ་རེད་ཅེས་བརྗོད་འདུག

མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་བྷ་ཌན་གྱི་འཕྲོད་བསྟེན་གྱི་གནས་སྟངས་དང་ཁོང་ཉིད་དགུང་ལོ་མཐོ་དྲགས་པ་ནི་འོས་ལྡུག་མཁན་ཚོའི་གླེང་ཕྱོགས་ཆེ་ཤོས་སུ་གྱུར་ཞིང་། ཐ་ན་མང་གཙོ་ཚོགས་པའི་ནང་ལོགས་སུ་ཡང་མི་མཐུན་པ་བྱུང་ཞིང་། ད་བར་མང་གཙོ་ཚོགས་པའི་འཐུས་མི་བཅུ་ཙམ་གྱིས་ཁོང་ཉིད་སྲིད་འཛིན་འོས་མི་ནས་དགོངས་པ་ཞུ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
སྲིད་འཛིན་འོས་མི་བྷ་ཌན་གྱིས་དེ་སྔོན་ནས་ཁོང་ཉིད་སྲིད་འཛིན་འོས་མི་ནས་དགོངས་པ་ཞུ་རྒྱུ་མིན་ཞེས་བརྗོད་ཡོད་པ་དང་ད་ལྟའི་ཆར་བྱང་ཆིངས་སྒྲིག་འཛུགས་ཀྱི་ལྷན་ཚོགས་ནང་མཉམ་ཞུགས་བྱེད་བཞིན་ཡོད་འདུག །

གསར་འགོད་པ། བློ་བཟང་རྒྱ་མཚོ།