ལྕམ་ནན་སེ་པེ་ལོ་སིས་བོད་ནང་དུ་གཟིགས་གནང་ཡོད་འདུག

བདུན་ཕྲག་འདིའི་ནང་ཨ་རིའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནན་སེ་པེ་ལོ་སིས་དབུ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་ནག་ལ་གཟིགས་སྐོར་དུ་ཕེབས་པ་དང་སྟབས་བསྟུན། བོད་རང་སྐྱོང་ལྗོངས་ཁུལ་གྱི་ལྷ་ས་སོགས་དང་བལ་ཡུལ་ཉེ་འཁོར་བོད་ཀྱི་ས་ཁུལ་ཁ་ཤས་ལ་ཕེབས་ནས། རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་ཚོགས་གཙོ་ཁྲན་ཆོན་གོ་དང་ཐུག་འཕྲད་བྱས་ཡོད་འདུག

12244153_105840ཟླ་འདིའི་ཚེས་༡༢ ཉིན་རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པ་ཧུའུ་ལེ་ཡིས་ལྕམ་ནན་སེ་པེ་ལོ་སི་དང་སྐུ་ཚབ་མི་སྣ་རྣམས་རྒྱ་ནག་ཏུ་མ་ཕྱིན་པའི་སྔོན་དུ། བོད་ལ་སྐོར་སྐྱོད་དུ་ཕྱིན་ཡོད་པར་འགྲེལ་བརྗོད་བྱས་འདུག་པ་ལས། ཞིབ་ཕྲ་འགྲེལ་བཤད་གང་ཡང་བྱས་མི་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༥ ནས་ལྕམ་ནན་སེ་པེ་ལོ་སིས་དབུ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་ནག་ཏུ་འཚམས་འདྲིར་བསྐྱོད་པ་དང་སྟབས་བསྟུན།  རྒྱ་ནག་གཞུང་གིས་དུས་རྒྱུན་རྒྱལ་སྤྱིའི་གསར་འགོད་པར་དམ་དྲག་ཤུགས་ཆེན་བྱེད་སའི་བོད་རང་སྐྱོང་ལྗོངས་ཁུལ་གྱི་ལྷ་ས་སོགས་དང། དེ་བཞིན་བལ་ཡུལ་ཉེ་འཁོར་བོད་ཀྱི་ས་གནས་ཁ་ཤས་ལ། ལྕམ་ནན་སེ་པེ་ལོ་སི་དང་ཁོང་གི་ཕྱག་རོགས་རྣམས་སྐོར་སྐྱོད་ལ་བཏང་ཡོད་པར་རྒྱལ་སྤྱིའི་གསར་ཁང་དང་རྒྱ་ནག་གཞུང་གི་དྲ་རྒྱ་ཁག་ཏུ་བཀོད་འདུག

ཉིན་རེའི་བོད་ཅེས་པའི་རྒྱ་གཞུང་གི་གསར་ཤོག་སྟེང། ཟླ་འདིའི་ཚེས་༡༠ ཉིན་ལྕམ་ནན་སི་དང་ཁྲན་ཆོན་གོ་ཐུག་འཕྲད་བྱས་ཡོད་པ་དང། སྐབས་དེར་ཁྲན་གྱིས་ཨ་རིས་ཁ་བྲལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་མི་རུང་བ་དང། ཏཱ་ལའི་བླ་མ་ཨ་རིར་ཡོང་དུ་བཅུག་རྒྱུ་མེད་པ་བཤད་སྐོར། དེ་བཞིན་ལྕམ་ནན་སིས་རྒྱ་གཞུང་གིས་བོད་ནང་ལ་ཡར་རྒྱས་བཏང་བ་དང་ཆོས་དད་རང་མོས། ཁོར་ཡུག་སྲུང་སྐྱོབ། དེ་བཞིན་གྲང་ཉུང་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་ཐོག་ལ་ཤུགས་སྣོན་རྒྱག་བཞིན་པར་བསྔགས་བརྗོད་བྱས་ཡོད་ཚུལ་བཀོད་འདུག་ནའང། ནམ་རྒྱུན་ཁོང་མོས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་རྒྱ་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང་མི་མཐུན་པས། ནེའུ་ཡོག་དུས་བབ་ཀྱིས་དེ་ནི་རྒྱ་གཞུང་གིས་འཆར་ཅན་ཕྱི་རྒྱལ་གྱི་འགོ་ཁྲིད་ཚོ་བེད་སྤྱད་ནས། ཁོ་ཚོས་མ་བཤད་པའི་སྐད་ཆ་མང་པོ་ཞིག་བཅོས་ཏེ་དྲིལ་བསྒྲགས་ཆེད་བེད་སྤྱོད་བྱས་པ་མང་པོ་བྱུང་ཡོད་པས། ལྕམ་ནན་སིས་དེ་ལྟར་བརྗོད་ཡོད་མེད་ལ་ཐེ་ཚོམ་བྱེད་ཀྱི་ཡོད་པ་བཀོད་འདུག

འདི་གའི་གསར་འགོད་པས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཉིན་བྱེད་ལ་དེའི་སྐོར་བཅར་འདྲི་བྱས་པས། ཁོང་གིས་ “བོད་མི་ཚོས་ལྕམ་ནན་སི་པེ་ལོ་སི་བོད་ལ་ཕེབས་པར་དགའ་བསུ་དང་རེ་བ་བྱེད་སྲིད་པ་ཞིག་རེད་དེ། གང་ལྟར་སྐོར་སྐྱོད་དེའི་རིགས་ཕྱིའི་རྣམ་པ་ཙམ་ཞིག་ལས། དེས་བོད་ནང་གི་དངོས་ཡོད་གནས་སྟངས་ལ་དམིགས་བསལ་འགྱུར་བ་འགྲོ་བར་ཤུགས་རྐྱེན་སྤྲོད་མི་ཐུབ་པ་དང། རྒྱ་ནག་དང་ཨ་རིའི་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་འགྲོ་བ་ཡང་སྟོན་གྱི་མེད་པ་རེད། ད་ལྟའི་ཆར་ལྕམ་ནན་སི་པེ་ལོ་སི་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་མིན་པར་བརྟེན། སྐོར་སྐྱོད་རྣམ་པ་དེས་ཤུགས་རྐྱེན་དེ་བས་ཀྱང་སྤྲོད་མི་ཐུབ། ང་ཚོ་ཚང་མའི་འདས་པའི་ཉམས་མྱོང་ལས་ཕྱིའི་རྣམ་པ་ཙམ་དང། སྐོར་སྐྱོད་དང་པར་རིས་སོགས་བརྒྱུད་ལམ་ཁག་ལ་སྤེལ་ནས། བོད་ནང་གི་གནས་སྟངས་ལ་འགྱུར་བ་འགྲོ་ཡི་མེད་པ་ཤེས་གསལ་རེད།”ཅེས་ལན་འདེབས་བྱས་སོང་།

ལྕམ་ནན་སི་པེ་ལོ་སི་དང་༧གོང་ས་མཆོག་གཉིས་མཇལ་འཕྲད་ཐེངས་མང་གནང་མྱོང་བ་དང། རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་མཁན་ཞིག་ཡིན་པ་རེད། ཕྱི་ལོ་༢༠༡༥ ལོའི་གསུམ་བཅུའི་དུས་དྲན་ཐེངས་༥༦ ཐོག་ལ་ཁོང་མོས་“ང་ཚོས་འཐབ་རྩོད་ནི་བོད་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཆེ་མཐོང་སྲུང་སྐྱོབ་བྱེད་རྒྱུ་དེ་རེད། བོད་ནང་གི་གནས་སྟངས་ནི་འཛམ་གླིང་མི་མང་གིས་ལེགས་ཉེས་དབྱེ་འབྱེད་བྱས་ཏེ་གདོང་ལེན་བྱེད་དགོས་པ་ཞིག་རེད།”ཅེས་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།