ལྕམ་ཚེ་དབྱིན་ཝན་གྱིས་ཨ་ཐའེ་ཡི་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུ་ཡིན་སྐོར་གསུངས་འདུག
ཨ་རིའི་སྲིད་འཛིན་འོས་བསྡུ་ཚར་ནས་འོས་གྲངས་རྩི་བཞིན་པའི་སྐབས་འདིར། ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་དབྱིན་ཝན་གྱིས་འོས་མི་སུ་ལ་རྒྱལ་ཁབ་ཐོབ་ཀྱང་མང་གཙོ་ཡར་ཐོན་ཚོགས་པས་ཨ་ཐའེ་གཉིས་ཀྱི་འབྲེལ་ལམ་མུ་མཐུད་ཟབ་ཏུ་གཏོང་རྒྱུ་ཡིན་སྐོར་གསུངས་འདུག
ཐའེ་ཝན་གསར་འགྱུར་ཁང་(Taiwan News) ནས་ཕྱི་ཟླ་༡༡ ཚེས་༤ ཉིན་རེས་གཟའ་ལྷག་པའི་ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཐའེ་ཝན་གྱི་ཁ་གཏད་ཆབ་སྲིད་ཚོགས་པས་ལྕམ་ཚེ་དབྱིན་ཝན་གྱི་གཞུང་ལ་སྲིད་འཛིན་ཊོམ་གྱི་ཕྱོགས་སུ་རྟེན་རྒྱུ་མང་དྲགས་པའི་སྐྱོན་བརྗོད་བྱས་པར། ལྕམ་ཚེ་དབྱིན་ཝན་གྱིས་གནས་ཚུལ་དེ་བདེན་པ་མ་ཡིན་པ་དང་། མོའི་སྲིད་གཞུང་གིས་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ལ་ལྟ་ཚུལ་གཅིག་པ་འཛིན་གྱི་ཡོད་པ་དང་། འོས་མི་སུ་ལ་རྒྱལ་ཁ་ཐོབ་ཀྱང་ཨ་ཐའེའི་འབྲེལ་ལམ་ལ་འགྱུར་བ་འགྲོ་རྒྱུ་མིན་ཚུལ་བརྗོད་འདུག
ལྕམ་ཚེ་དབྱིན་ཝན་གྱིས་ཁོང་གི་ཆབ་སྲིད་ཚོགས་པ་སྟེ། མང་གཙོ་ཡར་ཐོན་ཚོགས་པ་ལ་ཨ་རིའི་ཆབ་སྲིད་ཚོགས་པ་ཆེ་ཤོས་གཉིས་དང་། གྲོས་ཚོགས། དེ་བཞིན་ཨ་རིའི་ཆབ་སྲིད་ཉམས་ཞིབ་ཁང་རྣམས་དང་ལྷན་དུ་ལས་དོན་སྒྲུབ་པའི་ཉམས་མྱོང་ཡོད་ཚུལ་བརྗོད་པའི་ཐོག ཨ་རིིའི་མི་མང་སྤྱིས་ཐའེ་ཝན་ལ་རྒྱབ་སྐྱོར་བྱེད་བཞིན་པ་ལ་འགྱུར་བ་ཐེབས་མི་སྲིད་སྐོར་བསྣན་འདུག
དེ་ཡིས་མ་ཚད། ཁོང་གིས་ད་དུང་མང་གཙོ་ཡར་ཐོན་ཚོགས་པ་དང་ཨ་རིའི་བར་གྱི་འབྲེལ་ལམ་དེ་ཆབ་སྲིད་ཚོགས་པའི་འབྲེལ་ལམ་ཞིག་མ་ཡིན་པ་དང་། ཐའེ་ཝན་ལ་ཕན་པའི་ཨ་རིའི་ཁྲིམས་གསར་པ་རྣམས་ཆབ་སྲིད་ཚོགས་པ་གཉིས་ཀའི་འཐུས་མི་ཚོས་མོས་མཐུན་གཏན་འབེབས་བྱས་པ་ཞེ་ཅིག་ཡིན་པ་ནན་བརྗོད་གནང་བ་མ་ཟད། ཨ་རིའི་དབང་འཛིན་ཁྲོད་དུ་འགྱུར་བ་ཅི་འདྲ་ཞིག་བྱུང་རུང་། ཐའེ་ཝན་རྒྱལ་ཁབ་དང་ཨ་རིའི་གྲོས་ཚོགས་འཐུས་མི་གཉིས་ཀྱི་བར་དུ་ས་ཁུལ་བདེ་འཇགས་དང་། ཚོང་ལས། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་ཐད་ལ་ཐུན་མོང་གྱི་ལྟ་ཚུལ་ཞིག་རྙེད་ངེས་ཡིན་ཚུལ་བརྗོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།