ལྕམ་ཨང་སན་སུ་ཅིའི་སྲིད་དོན་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཆེན་པོ་ཐོབ་ཡོད་འདུག
འབར་མའི་འགོ་ཁྲིད་དང་དེ་སྔོན་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་ཡང་། དེང་གི་ཆར་རྒྱལ་སྤྱིའི་ནང་རྩོད་རྙོག་ཅན་གྱི་མི་སྣ་ཞིག་ཏུ་གྱུར་ཟིན་པའི་ལྕམ་ཨང་སན་སུ་ཅིའི་རྒྱལ་ཡོངས་མང་གཙོ་མཐུན་ཚོགས་ལ། འབར་མའི་གྲོས་ཚོགས་འོས་བསྡུར་རྒྱལ་ཁ་ཐོབ་ཡོད་འདུག་ཀྱང་། འོས་བསྡུའི་གྲུབ་དོན་དང་བརྒྱུད་རིམ་གཉིས་ཀར་དགག་བྱ་བྱེད་མཁན་ཡོད་འདུག
ཟླ་༡༡ པའི་ཚེས་༡༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༡༡ པའི་ཚེས་༨ ཉིན་འབར་མའི་ནང་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་བྱས་ཡོད་པ་དང་། ཉིན་གྲངས་༥ ཡི་རྗེས་སུ་འོས་གྲངས་རྩིས་བཤེར་མུ་མཐུད་འགྲོ་བཞིན་ཡོད་པ་རེད་དེ། ལྕམ་ཨང་སན་སུ་ཅིའི་རྒྱལ་ཡོངས་མང་གཙོ་མཐུན་ཚོགས་སྲིད་དོན་ཚོགས་པར་གྲོས་ཚོགས་ནང་རྐུབ་སྟེགས་༣༤༦ ཐོབ་ཟིན་ཡོད་པ་དང་། རྐུབ་སྟེགས་༤༡༦ ཅན་གྱི་གྲོས་ཚོགས་ནང་གཞུང་འཛིན་ཆེད་དུ་དགོས་ངེས་ཀྱི་རྐུབ་སྟེགས་གྲངས་༣༢༢ ལས་མང་བ་ཐོབ་ཟིན་པས། ལྕམ་ཁོང་གི་སྲིད་དོན་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་ཡོད་འདུག
འབར་མའི་དམག་གི་སྒྲིག་འཛུགས་ཀྱི་རྒྱབ་སྐྱོར་ཡོད་པའི་ཕྱོགས་འགལ་སྲིད་དོན་ཚོགས་པ་ཡིས་དཔང་རྟགས་གང་ཡང་མ་སྤྲད་པར་འོས་བསྡུ་དེ་དྲང་བདེན་བྱུང་མེད་སྐོར་བརྗོད་ནས། འོས་བསྡུའི་གྲུབ་དོན་ལ་ངོས་ལེན་མ་བྱས་ནས་འོས་བསྡུ་བསྐྱར་དུ་བྱེད་དགོས་སྐོར་བརྗོད་འདུག་ཀྱང་། རྒྱ་ནག་དང་ཉི་ཧོང་ཚུད་པའི་རྒྱལ་སྤྱིའི་འགོ་ཁྲིད་ཁག་ཅིག་གིས་ལྕམ་ཁོང་ལ་འཚམས་འདྲི་ཞུས་ཟིན་འདུག དེ་བཞིན་རྒྱལ་ཁབ་ཀྱི་འོས་བསྡུ་ལས་ཁང་གིས་འོས་བསྡུ་རང་དབང་དང་དྲང་བདེན་ལྡན་པ། ཕྱི་གསལ་ནང་གསལ་བྱས་ཡོད་པ་བསྐྱར་ནན་བྱས་ཡོད་འདུག དེའི་ཐོག་འོས་བསྡུ་དེར་རྟོག་ཞིབ་བྱེད་མཁན་ས་གནས་དང་རྒྱལ་སྤྱིའི་རྟོག་ཞིབ་པས་འོས་བསྡུ་ཚགས་ཚུད་ཞི་འཇམ་ཐོག་ནས་ཕྱིན་ཡོད་སྐོར་བརྗོད་འདུག
འོན་ཀྱང་འོས་བསྡུའི་ནང་ཁ་ཆེ་རུང་གྷེ་ཡ་གྲངས་ཉུང་མི་རིགས་མཉམ་ཞུགས་བཀག་འགོག་བྱས་ཡོད་པས། རྟོག་ཞིབ་པ་ཚོས་འོས་བསྡུ་དེར་ཆ་འཇོག་བྱེད་འོས་མིན་ཐོག་དོགས་སློང་བྱས་འདུག དེ་ཡང་རུང་གྷེ་ཡ་མི་རིགས་ཡིན་པའི་འོས་མི་༦ ལ་འོས་བསྡུའི་ནང་འོས་མིར་ལང་རྒྱུར་བཀག་འགོག་བྱས་འདུག་པ་དང་། དེ་བཞིན་དམག་འཁྲུག་དང་བདེ་འཇགས་ཀྱི་ཉེན་ཁ་ལ་བརྟེན་ནས། དྲང་བདེན་དང་རང་དབང་གི་འོས་བསྡུ་ཡོངས་ཐབས་མེད་སྐོར་བརྗོད་ནས་རུང་གྷེ་ཡ་མི་རིགས་གནས་ཁུལ་དང་། གྲངས་ཉུང་མི་རིགས་གནས་ཁུལ་ཁག་ཅིག་ལ་འོས་བསྡུ་གོ་སྒྲིག་བྱས་མེད་འདུག་པས། འོས་འཕེན་པའི་དེབ་སྐྱེལ་བྱེད་མཁན་མི་གྲངས་ས་ཡ་༣༧ ལྷག་ནས་གྲངས་ཉུང་མི་རིགས་གཙོ་བར་གྱུར་བའི་མི་གྲངས་ས་ཡ་༢ ལ་འོས་ཤོག་འཕེན་པའི་ཐོབ་ཐང་སྤྲད་མེད་འདུག
འབར་མའི་འོས་བསྡུ་དེ་མང་གཙོའི་ལམ་ལུགས་ཀྱི་རྣམ་པ་ཡོད་ཀྱང་། རྩ་ཁྲིམས་ལྟར་གྲོས་ཚོགས་ཀྱི་ནང་གི་རྐུབ་སྟེགས་བཞི་ཆ་གཅིག་ནི་དམག་མིའི་འཐུས་མིར་ཟུར་འཇོག་བྱས་ཡོད་ཁར། གཞུང་གི་ནང་སྲིད་དང་བདེ་སྲུང་། ས་མཚམས་ལས་དོན་བཅས་ཀྱི་བློན་ཆེན་ལས་ཁུངས་རྣམས་དམག་གི་སྒྲིག་འཛུགས་ཀྱི་སྟངས་འཛིན་འོག་ལ་ཡོད་འདུག
འབར་མའི་དམག་མིས་རུང་གྷེ་ཡ་ཁ་ཆེ་མི་རིགས་དམར་གསོད་དང་བཙན་གཡེམ། རྡུང་རྡེག མཁར་དངོས་མེར་བསྲེགས་སོགས་ཀྱི་དྲག་རྒོལ་ཤུགས་ཆེན་བྱས་པའི་གནས་ཚུལ་དེ་ལ་བརྟེན་ནས། རུང་གྷེ་མི་རིགས་འབུམ་༧ ལས་མང་བར་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་ཌེ་ཤིར་བྲོས་བྱོལ་དུ་འགྲོ་དགོས་འཁེལ་ཡོད་པ་དང་། ད་ལྟའི་ཆར་བྲོས་བྱོལ་བ་རྣམས་ཀྱི་གནས་སྟངས་ཛ་དྲག་འོག་གནས་ཡོད་ཀྱང་། འབར་མར་ཕྱིར་ལོག་རྒྱུའི་བསམ་བློ་མེད་མཁན་མང་པོ་ཡོད་འདུག གནད་དོན་དེ་དང་འབྲེལ་ནས་འབར་མའི་འགོ་ཁྲིད་ལྕམ་ཨན་སང་སུ་ཅི་ཡིས་དྲག་རྒོལ་དེར་སྐྱོན་བརྗོད་བྱེད་ཀྱི་མེད་པས། རྒྱལ་སྤྱིའི་ནང་ནས་ཁོང་ལ་སྐྱོན་བརྗོད་བྱེད་མཁན་མང་པོ་ཡང་བྱུང་ཡོད་ཁར། ཁོང་ལ་སྤྲད་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕྱིར་བསྡུ་བྱེད་དགོས་པའི་དགོས་འདུན་བཏོན་མཁན་ཡང་མང་པོ་བྱུང་ཡོད་པ་རེད། ཟླ་༣ པའི་ནང་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་གྲོང་ཁྱེར་ལྷན་ཚོགས་ཀྱིས། ལྕམ་ཨང་སན་སུ་ཅིར་ལོ་གསུམ་སྔོན་ལ་སྤྲད་པའི་གྲོང་ཁྱེར་གྱི་རང་དབང་གཟེངས་རྟགས་དེ། འབར་མའི་ནང་ཁ་ཆེ་གྲངས་ཉུང་མི་རིགས་ལ་ལྟ་སྐྱོང་བྱེད་སྟངས་ཀྱི་རྐྱེན་པས་ཕྱིར་བསྡུ་བྱེད་རྒྱུའི་གསལ་བསྒྲགས་བྱས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།