ལྕོག་རི་དགོན་པའི་མཁན་པོ་དང་དགེ་བཤེས་ཤིག་རྒྱ་གཞུང་གིས་བཀག་ཉར།
ཁམས་དཀར་མཛེས་ཏྲེ་ཧོར་ལྕོག་རི་དགོན་གྲོང་གཉིས་ནས་༸རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་ཞུས་པ་ལ་བརྟེན་ནས། རྒྱ་ནག་གཞུང་གི་ཉེན་རྟོག་པས་ལྕོག་རི་དགོན་པའི་མཁན་པོ་དཔལ་དགའ་དང་དགེ་བཤེས་ཨོ་རྒྱན་གཉིས་བཙན་འཁྲིད་བྱས་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༡༦ ཉིན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སླེབས་པ་ལྟར་ན། ༢༠༡༦ ལོའི་ཟླ་༡ ཚེས་༢༥ ཉིན་ཁམས་དཀར་མཛེས་ཁུལ། ཏྲེ་ཧོར་ལྕོག་རི་དགོན་དུ་ཏྲེ་ཧོར་སེར་སྐྱ་མི་མང་ཡོངས་ནས། ལྕོག་རི་དགོན་པར་༸རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་ཞུས་ཡོད་པ་དང་། དེ་རྗེས་ལྕོག་རི་དགོན་པའི་མཁན་པོ་དཔའ་དགའ་དང་དགེ་བཤེས་ཨོ་རྒྱན་ རྣམ་གཉིས་རྒྱ་ནག་གཞུང་གི་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་འདུག་ཀྱང་། བཙན་ཁྲིད་བྱེད་ཉིན་གྱི་ཚེས་གྲངས་ཁ་གསལ་མེད་པ་རེད།
གཞན་ཡང་རྒྱ་ནག་གཞུང་གིས་ལྕོག་རི་སེར་སྐྱ་མི་མང་གིས་ཡར་ལངས་བྱ་དོགས་ཀྱིས་ལྕོག་རི་དགོན་གྲོང་གཉིས་ཀྱི་གཡས་གཡོན་དུ་དྲག་དམག་ཕོན་ཆེན་འགྲེམས་འཇོག་བྱས་ཡོད་འདུག་པ་མ་ཟད། ཁུལ་དེའི་ཁ་པར་དང་སྤྱི་ཚོགས་དྲ་རྒྱ་སོགས་བཀག་སྡོམ་བྱེད་ཀྱི་ཡོད་སྟབས། ད་ལྟའི་ཆར་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།
མཁན་པོ་དཔའ་དགའ་དེ་སྔོན་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་ནས་དགེ་བཤེས་ཐོན་རྗེས་བོད་དུ་ལོག་ཡོད་པ་དང་། ད་ལྟའི་ཆར་ལྕོག་རི་དགོན་པའི་མཁན་པོ་ཡིན་འདུག ཁོང་ད་ལྟ་དགུང་ལོ་༤༠ མ་ཟིན་ཙམ་ཡིན་ཞིང་། ཕ་ཡུལ་བྲག་མགོ་རྫོང་། མཚོ་སྒོ་ཡུལ་ཚོ། མཚོ་སྒོ་གྲོང་ནས་ཡིན་འདུག
དགེ་བཤེས་ཨོ་རྒྱན་ནི་ཏྲེ་ཧོར་ནས་ཡིན་ཞིང་དེ་སྔོན་རྒྱ་གར་ལྷོ་ཕྱོགས་སེ་ར་ནས་དགེ་བཤེས་ཐོན་རྗེས་བོད་དུ་ལོག་ཡོད་པ་དང་། ད་ལོ་ཕལ་ཆེར་དགུང་ལོ་ ༥༠ ཙམ་ཡིན་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།