ལྗིད་མཉམ་སྟངས་འཛིན་གྱི་ས་མཚམས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༤༧   ཕྱི་ལོ་ ༢༠༢༡/༣/༣༡     

ཉེ་ཆར་ཕྱི་ཟླ་༣ ཚེས་༢༥ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༠ པའི་ཐོག་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བ་དང་། དེ་ལ་བརྟེན་ནས་སྤྱི་ཚོགས་ནང་གླེང་ཕྱོགས་མང་པོ་ཞིག་ཡོང་གི་འདུག དོན་དངོས་སུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་། སྲིད་སྐྱོང་དང་། བཀའ་བློན་བྱེ་བྲག་པ། བཀའ་ཤག་ཡོངས་རྫོགས། དེ་བཞིན་སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར་གཏོང་ཆོག་པ་དང་། དེ་བཞིན་དུ་ཁྲིམས་ཞིབ་པ་རྣམ་པ་དང་། འོས་བསྡུའི་འགན་འཛིན། ལས་བྱེད་འདེམས་ལྷན་ཚོགས་གཙོ། རྩིས་ཞིབ་སྤྱི་ཁྱབ་འགན་འཛིན་བཅས་སྤྱི་འཐུས་ལྷན་ཚོགས་ནས་འཕོ་འགྱུར་གཏོང་ཆོག་པ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་པོ་འཁོད་ཡོད། དེའི་ནང་སྲིད་སྐྱོང་དང་བཀའ་བློན་འཕོ་འགྱུར་གཏོང་རྒྱུར་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ལས་མི་དགོས་པ་དང་། གཞན་དག་ཚང་མ་སྤྱི་འཐུས་ལྷན་ཚོགས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་མ་བྱུང་ན་འཕོ་འགྱུར་གཏོང་ཐུབ་ཀྱི་མེད།  དེ་སྔོན་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་གོང་གསལ་རྣམས་འཕོ་འགྱུར་གཏང་བའི་ལོ་རྒྱུས་བྱུང་མྱོང་མེད།

སྤྱིར་མང་གཙོའི་ཀ་བ་གསུམ་ལྗིད་མཉམ་སྟངས་འཛིན་གྱི་ས་མཚམས་སྲུང་དགོས་པ་དང་། ཕན་ཚུན་ཐེ་བྱུས་བྱེད་རྒྱུ་མང་སོང་ན་མཐར་ཐུག་འགལ་ཟླའི་རྣམ་པ་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་སྨྲོས་མི་དགོས་ལ། དེ་ལ་བརྟེན་ནས་འཐབ་རྩོད་དང་རྩ་དོན་ལའང་ཤུགས་རྐྱེན་ཟློག་ཕྱོགས་ནས་ཐེབས་རྒྱུའི་ཉེན་ཁ་ཆེན་པོ་ཡོད། དོན་དངོས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་། “ཁྲིམས་ཞིབ་ཁང་”ལས་”ཁྲིམས་ཁང་”ཞེས་པ་ཞིག་མེད་པ་དང་། “ཁྲིམས་ཞིབ་པ་”ཞེས་པ་ལས་”ཁྲིམས་དཔོན་”ཞེས་པ་ཞིག་མེད་པ་ནི། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་པ་མ་ཟད། གནས་ཡུལ་གཞུང་གི་ཁྲིམས་ལུགས་དང་མི་འགལ་བའི་ཆེད་དུ་རེད། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། ད་ལྟའི་ཆར་དེའི་ཡན་ལག་ས་གནས་ཁྲིམས་ཞིབ་ཁང་ཡང་མང་པོ་ཞིག་བཙུགས་ཡོད། དེ་དག་ལ་བརྟེན་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་རྩོད་རྙོག་རིགས་ཐག་གཅོད་ཡོང་བར་ཕན་ཐོགས་ཡོང་བ་དང་། ལྷག་པར་དུ་བཙན་བྱོལ་བོད་མི་ཉམ་ཆུང་ནུས་མེད་ཀྱི་རིགས་ལ་འདྲ་མཉམ་དང་དྲང་བདེན་ཡོང་ཆེད་དུ་རེད། 

ད་ལྟ་སྤྱི་ཚོགས་ནང་ཁྲིམས་ཞིབ་ཁང་གི་དབང་ཚད་སྐོར་ཤོད་མཁན་དག་གིས་རྒྱ་གར་དང་། ཨ་རི་སོགས་ཀྱི་ཆེས་མཐོའི་ཁྲིམས་ཁང་དང་ཁྲིམས་དཔོན་སོགས་ལ་དཔེ་སྦྱར་བཞིན་འདུག འོན་ཀྱང་དོན་དངོས་སུ་གནད་དོན་དེའི་རིགས་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་རྒྱུས་མངའ་མེད་པ་ཟེར་དགོས་ནའང་། རང་ཉིད་ཀྱི་འདོད་ཕྱོགས་ཙམ་རེད། གལ་སྲིད་རྒྱ་གར་གྱི་ཁྲིམས་ཁང་ལ་དཔེ་སྦྱར་ནས་ཤོད་དགོས་པ་ཞིག་ཡིན་ན། རྒྱ་གར་གྱི་སྲིད་བློན་དང་། སྲིད་འཛིན་གཉིས་ལ་ནག་ཉེས་དང་འབྲེལ་བའི་རིགས་མ་གཏོགས། མ་ཉེས་ཁག་གཡོགས་ལྟ་བུའི་ཁ་མཆུའི་རིགས་ཁྲིམས་ཁང་དུ་གཏན་ནས་གཏུག་ཆོག་གི་མེད། ང་རང་ཚོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ག་འདྲ་ཞིག་ལེན་མྱོང་ཡོད་མེད་དང་། ཐག་གཅོད་ག་འདྲ་ཞིག་གནང་མྱོང་ཡོད་མེད་ནི་ཧ་ཅང་གསལ་པོ་རེད། མ་ཉེས་ཁག་གཡོགས་དང་འབྲེལ་བའི་ཁ་མཆུ་བླངས་པ་དེ་ཁྲིམས་ཞིབ་ཁང་གིས་མ་འགྲིག་པ་ཞིག་མིན་ནའང་། རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་སོགས་ལ་དཔེ་སྦྱར་དགོས་ན་གནད་དོན་འདི་དག་ལའང་བསམ་བློ་ངེས་པར་དུ་གཏོང་དགོས་པ་ཞིག་རེད།

བཀའ་བློན་གྱི་འོས་གཞི་གཅིག་སྤྱི་འཐུས་ལྷན་ཚོགས་ནས་འོས་འདེམས་ཟིན་ནའང་། ཁྲིམས་ཞིབ་ཁང་གིས་དམ་བཅའ་མ་བླངས་པར་ད་ལྟའི་ཆར་ཡང་འདེམས་ཐོན་བཀའ་བློན་གྱི་ངོ་བོའི་ཐོག་ཏུ་ལྷག་ཡོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་”འདེམས་ཐོན་སྲིད་སྐྱོང་དང༌། བཀའ་བློན་རྣམ་པ་བཅས་ལས་འཁུར་དུ་མ་ཞུགས་གོང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དང་གསང་རྒྱའི་དམ་བཅའམ། ཁས་ལེན་ཞུ་དགོས།”ཞེས་འཁོད་ཡོད་པ་ལས། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་འདེམས་ཐོན་བཀའ་བློན་ཞིག་གི་དམ་བཅའ་མ་བླངས་པར་བཀག་ཆོག་པའི་ཆ་རྐྱེན་ཞིག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གཏན་ནས་མེད། དེ་བཞིན་གྲོས་ཚོགས་ཉིན་བདུན་ལྷག་ཕར་འགྱངས་བྱེད་དགོས་བྱུང་ན་ཐག་གཅོད་བྱ་རྒྱུ་དེ་ཚོགས་གཙོ་ཚོགས་གཞོན་གྱི་སྐུ་དབང་ཡིན་པ་བཅའ་ཁྲིམས་སུ་གསལ་ཐག་གཅོད་འཁོད་ཡོད་པས། མ་འོངས་པར་ཀ་བ་གསུམ་ཕན་ཚུན་དབང་ཚད་ཀྱི་ས་མཚམས་ལས་མ་བརྒལ་ན་ཡག་ཤོས་སུ་སྣང་།

མདོར་ན་ཁྲིམས་ཞིབ་པ་རྣམ་པ་འཕོ་འགྱུར་བཏང་བ་དེར་འདོད་མོས་མེད་མཁན་མང་པོ་ཡོང་ངེས་རེད་ལ། དགའ་སྣང་བྱེད་མཁན་ཡང་མང་པོ་ཡོད་པ་ནི་ཆོས་ཉིད་རེད། འོན་ཀྱང་སྤྱི་ཚོགས་ནང་འདོད་མོས་མེད་པ་མ་ཟད་ངོ་རྒོལ་གྱི་རྣམ་འགྱུར་སྟོན་མཁན་དག་གིས་ཁ་མཆུ་ཨང་༢༠ པ་དང་འབྲེལ་ནས་བསམ་བློ་གཏོང་གི་ཡོད་པ་ལྟ་བུ་དང་། ཐག་གཅོད་དེར་མོས་མཐུན་གྱི་རྣམ་འགྱུར་སྟོན་མཁན་མང་པོ་ཞིག་གིས་ཀྱང་དེ་དང་འབྲེལ་བ་ཡོད་པ་ལྟ་བུར་ངོས་འཛིན་བྱེད་ཀྱི་འདུག དོན་དངོས་སུ་ཁ་མཆུ་བྱེ་བྲག་པ་དང་། གང་ཟག་བྱེ་བྲག་པ་ཞིག་དང་འབྲེལ་བ་འདོགས་དགོས་དོན་གཏན་ནས་མེད། གྲོས་ཚོགས་ནང་ཁྲིམས་ཞིབ་པ་འཕོ་འགྱུར་བྱ་རྒྱུའི་སྐོར་དང༌། སྤྱི་འཐུས་ལྷན་ཚོགས་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་སྙན་ཐོ་འབྱོར་སྐབས་མ་གཏོགས་དེ་མིན་ཁྲིམས་ཞིབ་པའི་ལས་དོན་བྱེད་ཕྱོགས་གླེང་སློང་དང༌། གྲོས་བསྡུར་བྱེད་མི་ཆོག་པས། ལག་ལེན་འདི་དག་དང་མ་བརྒལ་ན་བཙན་བྱོལ་བོད་མིའི་མང་གཙོ་ལ་གཟི་བརྗིད་ཆེན་པོ་ཡོད་པ་ལས། ཕན་ཚུན་ཁ་གཏད་གཅོག་རེས་འབའ་ཞིག་བྱས་ན་མཐའ་མ་གྱོང་འཐབ་རྩོད་ལ་རག་གི་རེད།།