ལྡི་ལི་ནས་རྒྱ་ནག་གི་མི་སེར་ཡིན་པ་ཞིག་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག
དེ་སྔོན་ལྡི་ལི་ནས་གསང་མྱུལ་གྱི་ཉེས་འཛུགས་འོག་འཛིན་བཟུང་བྱུང་བའི་རྒྱ་ནག་གི་མི་སེར་ཞིག སླར་ཡང་ཁྲིམས་འགལ་ཐོག་ནས་དངུལ་གཏོང་ལེན་གྱི་ལས་དོན་སྤེལ་བའི་ནག་ཉེས་འོག་འཛིན་བཟུང་བྱས་འདུག བརྒྱུད་ལམ་ཁག་ཅིག་ཏུ་མི་དེས་བོད་མི་ཚོའི་ཐོག་གསང་མྱུལ་བྱེད་ཀྱི་ཡོད་པའི་དོགས་གཞི་ཡོད་འདུག
ཟླ་༨ པའི་ཚེས་༡༣ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༡༢ ཉིན་རྒྱ་གར་གྱིས་རྒྱལ་ས་ལྡི་ལི་དང་ཉེ་ཁུལ་གྱི་ས་གནས་ཁག་༢༡ ཏུ། དཔྱ་ཁྲལ་ལས་ཁུངས་ཀྱིས་བསྔོགས་བཤེར་བྱས་འདུག་པ་དང་། དེ་ལ་བརྟེན་ནས་རྒྱ་ནག་གི་མི་སེར་ལའོ་སང་(Lou sang)ཞེས་པ་འཛིན་བཟུང་བྱས་འདུག ཁོ་ལ་དེ་སྔོན་རྒྱ་ནག་གི་གསང་མྱུལ་གྱི་ཉེས་འཛུགས་འོག་ལྡི་ལི་ནས་འཛིན་བཟུང་བྱས་ཡོད་ཁར། རྗེས་སུ་གཏའ་དངུལ་སྤྲད་ནས་གློད་གྲོལ་ཐོབ་ཡོད་ཀྱང་། ཐེངས་འདིར་ཁོས་ཁྲིམས་འགལ་ཐོག་ནས་རྒྱ་ནག་གི་ཚོང་ལས་ཁང་རྫུན་བཟོ་བྱས་ཏེ། ཧིན་སྒོར་ས་ཡ་༣༠༠༠ ལྷག་ཁྲིམས་འགལ་ཐོག་ནས་གཏོང་ལེན་བྱས་འདུག
ཁོ་ཐོག་མར་ཕྱི་ལོ་༢༠༡༨ ལོའི་ཟླ་༩ པའི་ཚེས་༡༣ ཉིན་ལྡི་ལི་མན་ཇུ་ཀ་ཀྲི་ལ་ནས་འཛིན་བཟུང་བྱས་ཡོད་སྐོར་འདུག་པ་དང་། དེ་གར་བོད་མིའི་གཞིས་སྒར་བསམ་ཡས་གླིང་ཡང་ཆགས་ཡོད་པ་རེད་དེ། ཁོ་དེ་གར་གནས་སྡོད་བྱེད་མཁན་ཡིན་པའི་གནས་ཚུལ་མེད་ཁར། ལག་སོན་བྱུང་བའི་ངོས་འཛིན་ལག་ཁྱེར་གཉིས་ནང་ཁ་བྱང་མི་འདྲ་བ་གཉིས་ཡོད་འདུག བརྒྱུད་ལམ་ཁག་ཅིག་ཏུ་ཁོས་བོད་མིའི་སྤྱི་ཚོགས་ལ་གསང་མྱུལ་གྱི་ལས་ཀ་བྱེད་ཀྱི་ཡོད་པའི་གནས་ཚུལ་སྤེལ་འདུག་པ་དང་། བརྒྱུད་ལམ་ཁག་ཅིག་ཏུ་ཁོ་འཛིན་བཟུང་བྱུང་རྗེས་རྒྱ་གར་གྱི་གསང་བའི་མི་སྣར། རྒྱ་ནག་གིས་བོད་མིར་དྲག་གནོན་བྱེད་ཀྱི་ཡོད་པར་བརྟེན་རང་ཉིད་བོད་ནས་རྒྱ་གར་དུ་བྲོས་བྱོལ་དུ་ཡོང་བ་ཡིན་སྐོར་བརྗོད་ཡོད་པ་དང་། སྐབས་ཞིག་ལ་རང་ཉིད་རྒྱ་ནག་མི་མང་བཅིང་གྲོལ་དམག་གི་དམག་མི་ཡིན་སྐོར་བརྗོད་ནས་སྐད་ཆ་མི་འདྲ་བ་བཤད་ཡོད་འདུག འོན་ཀྱང་ཁོས་རང་ཉིད་གསང་མྱུལ་ཡིན་པ་ཁས་ལེན་གྱིས། རྒྱ་ནག་གིས་ཁོ་ལ་རྒྱ་གར་ནང་དུ་དྲ་ཐོག་ཚོང་ལས་དང་འབྲེལ་བ་ཡོད་པའི་ཚོང་ལས་ཁང་འཛུགས་རྒྱུའི་དངུལ་སྤྲད་ཡོད་སྐོར་བརྗོད་འདུག གནས་ཚུལ་མཁོ་སྤྲོད་པ་ཁག་ཅིག་གིས་ཁོའི་ལས་འགན་ནི་རྒྱ་ནག་གཞུང་ཚབ་ཁང་གི་མི་སྣར་ལས་དོན་གྱི་ཐབས་ཇུས་འཐེན་རོགས་དང་མཐུན་སྦྱོར་སྤྲོད་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག
འཛིན་བཟུང་བྱུང་བའི་མི་དེ་བོད་ནས་ཡོང་བ་ཡིན་པའི་གནས་ཚུལ་འདུག་ཀྱང་། བོད་མི་མིན་པའི་གནས་ཚུལ་འདུག་ལ། རྒྱ་གར་གྱི་གསང་བའི་ལས་ཁུངས་ཀྱིས་རྟོག་ཞིབ་བྱས་པ་བརྒྱུད་ཁོ་ནི་རྒྱ་ནག་གི་གྲོང་ཁྱེར་ནན་ཅིང་ནས་ཡིན་འདུག བརྒྱུད་ལམ་ཁག་ཅིག་ཏུ་ཁོ་ལྷ་ས་ནས་ཡིན་སྐོར་ཡང་འདུག་པ་དང་། གསང་བའི་ལས་ཁུངས་ཀྱིས་ཁོ་རྒྱ་གར་བྱང་ཤར་ཁུལ་དང་ཧི་མ་ཅལ་མངའ་སྡེ་སོགས་ལ་ཕྱིན་ཡོད་པ་ཤེས་རྟོགས་བྱུང་འདུག
ཁོས་ཕྱི་ལོ་༢༠༡༤ ལོར་བལ་ཡུལ་བརྒྱུད་ནས་རྒྱ་གར་དུ་སླེབས་པ་དང་། མིང་རྫུན་མ་(Charlie Peng)བེད་སྤྱད་ནས་བྱང་ཤར་མངའ་སྡེ་མཱ་ནི་པུར་གྱི་བུད་མེད་གཅིག་དང་ཆང་ས་བརྒྱབ་ནས། མི་སེར་ཐོབ་ཐང་ལག་ཁྱེར་རྫུན་མ་བེད་སྤྱད་ནས་རྒྱ་གར་གྱི་ངོས་འཛིན་ལག་ཁྱེར་བཟོས་ཡོད་འདུག
བརྒྱུད་ལམ་ཁག་ཅིག་ཏུ་གནས་ཚུལ་སྤེལ་གསལ་ལ། དྲི་རྩད་སྐབས་སུ་ཁོས་རང་གི་ལས་འགན་གཙོ་བོ་ཞིག་ནི་༧གོང་ས་མཆོག་གི་ཉེ་འཁོར་མི་སྣ་རྣམས་དང་འབྲེལ་ལམ་བཟོས་ནས་སིམ་འཛུལ་བྱེད་དགོས་པ་ཡིན་པ་དང་། དེ་ལ་བརྟེན་ནས་ཁོས་ཧི་མ་ཅལ་མངའ་སྡེ་དང་ལྡི་ལིའི་བོད་མིའི་གཞིས་སྒར། བྷེང་ལོར་སོགས་ལ་ཕྱིན་ཡོད་སྐོར་བརྗོད་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།