ལྡི་ལིའི་ཕྱོགས་སུ་འགྲོ་ཞེས་པའི་རྒྱ་གར་གྱི་ཞིང་པ་ཚོས་ངོ་རྒོལ་ལས་འགུལ་རྒྱ་ཆེན་ཞིག་འགོ་བཙུགས།

རྒྱ་གར་ནང་གི་ཞིང་པ་ཚོའི་འབྲུ་རིགས་ལ་གཞུང་གིས་རིན་གོང་ཡག་པོ་སྤྲོད་རོགས་བྱེད་མིན་ལ་བརྟེན་ནས། ཞིང་པ་ཚོས་ངོ་རྒོལ་རྒྱ་ཆེན་ཞིག་བྱེད་རྒྱུ་འགོ་བཙུགས་ཟིན་པ་དང་། ཞིང་པ་མང་ཆེ་བ་ནི་པན་ཇབ་དང་ཧ་རི་ཨ་ན་མངའ་སྡེ་གཉིས་ནས་ཡིན་འདུག ད་ཆར་ཞིང་པ་ཚོས་ལྡི་ལི་འགྲོ་ཞེས་པའི་འབོད་ཚིག་སྒྲོག་བཞིན་གོམ་བགྲོད་འགོ་བཙུགས་ནས་ཉི་མ་འགའ་འགྲོ་བཞིན་ཡོད་འདུག

ཕྱི་ཚེས་༡༤ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། དེ་སྔོན་ཕྱི་ལོ་༢༠༢༠ ནང་རྒྱ་གར་གྱི་ཞིང་པ་ཚོས་ངོ་རྒོལ་རྒྱ་ཆེན་ཞིག་བྱས་ནས་ལྡི་ལིའི་ནང་གཞུང་ལམ་ཁག་དུ་མ་ཞིག་ཟླ་བ་མང་པོའི་རིང་བཀག་ནས་ངོ་རྒོལ་བྱས་ཡོད་པ་དང་། སྐབས་དེ་དུས་གཞུང་གིས་ཞིང་པ་དང་འབྲེལ་བའི་སྲིད་བྱུས་ཁག་ཅིག་ཁས་ལེན་བྱས་ཡོད་ཀྱང་ད་དུང་ལག་བསྟར་བྱེད་ཀྱི་མེད་པར་བརྟེན། ད་ཆར་རྒྱ་གར་རྒྱལ་ཡོངས་ནང་འོས་བསྡུ་སླེབས་ལ་ཉེ་བའི་སྐབས་འདིར། ཞིང་པ་ཚོས་བསྐྱར་དུ་ངོ་རྒོལ་རྒྱ་ཆེན་ཞིག་བྱས་ནས་ཞིང་པ་དང་འབྲེལ་བའི་སྲིད་བྱུས་རྣམས་ལ་འགྱུར་བ་ཞིག་ཡོང་ཐབས་བྱེད་རྒྱུ་ཡིན་འདུག བརྙན་པར་ནང་མཐོང་རྒྱུ་ཡོད་པ་ཞིག་ལ་ངོ་རྒོལ་བ་རྣམས་ད་ལྟ་ལྡི་ལི་སླེབས་ལ་སྤྱི་ལི་༢༠༠ ཙམ་གྱི་ས་ནས་ལྡི་ལིའི་ཕྱོགས་སུ་འགྲོ་བཞིན་ཡོད་འདུག་པ་དང་། ལྡི་ལི་གཞུང་གིས་ངོ་རྒོལ་བ་ཚོ་འགོག་ཐབས་ཆེད་དུ་གཞུང་ལམ་ནང་གྱང་གི་ར་སྐོར་བརྒྱབས་པ་དང་། ལྕགས་སྐུད་འཐེན་པ་སོགས་ཀྱི་འགོག་ར་བཟོ་བཞིན་ཡོད་འདུག དེ་བཞིན་མི་མེད་གནམ་གྲུ་ནས་དུ་རླངས་གཡུགས་ཏེ་ངོ་རྒོལ་བ་རྣམས་འགོག་ཐབས་བྱེད་ཞིན་ཡོད་འདུག ངོ་རྒོལ་སྣེ་ཁྲིད་པ་(Sarwan Singh Pandher)ཟེར་བ་ཞིག་གིས་(ANI)གསར་ཁང་ལ་བརྗོད་དོན། ཐེངས་འདིའི་ངོ་རྒོལ་ནང་ཞིང་པ་ཁྱོན་༡༠༠༠༠ ཙམ་ཡོད་པ་དང་།  གསར་ཁང་མང་པོ་ཞིག་གིས་ང་ཚོ་ནི་འཇིགས་སྐུལ་རིང་ལུགས་པ་རེད་ཅེས་བརྗོད་འདུག ང་ཚོ་ནི་རྒྱལ་ཁབ་ཀྱི་ལས་མི་ཡིན་པ་ལས་འཇིགས་སྐུལ་རིང་ལུགས་པ་མིན། ང་ཚོའི་མངོན་འདོད་ནི་ཞིང་པ་དང་འབྲེལ་བའི་སྲིད་བྱུས་དག་ལ་འགྱུར་བ་ཞིག་ཡོང་ཐབས་བྱེད་པ་ལས་འཁྲུག་འཛིང་བྱེད་འདོད་མིན་ཞེས་བརྗོད་འདུག ཁོང་གིས་སྲིད་བློན་མོ་དྷི་ལ་རེ་འདོད་ཞུས་དོན་ལ། ང་ཚོའི་འབྲུ་རིགས་ལ་(Minimum support price (MSP)ཟེར་བའི་ཉུང་མཐའི་རིན་གོང་ཞིག་སྤྲོད་རྒྱུའི་ཁས་ལེན་བྱེད་དགོས་པ་རེ་འདུན་འདོན་གྱི་ཡོད་ཅེས་བརྗོད་འདུག རྒྱ་གར་གྱི་ཞིང་པ་ཚོས་འབྲུ་རིགས་རྣམས་གཞུང་གི་སྟངས་འཛིན་འོག་ཡོད་པའི་ཁྲོམ་རའི་ནང་འཚོང་གི་ཡོད་པར་བརྟེན། གཞུང་གིས་ཉུང་མཐའི་རིན་གོང་ཞིག་མ་སྤྲད་ན་ཞིང་པ་ཚོའི་འབྲུ་རིགས་འདེབས་ལས་སོགས་ནས་ཡོང་འབབ་མེད་པའི་རྐྱེན་གྱིས་ཡིན་འདུག གཞུང་གིས་འབྲས་དང་བྲོ་གཉིས་ལས་འབྲུ་རིགས་གཞན་རྣམས་ལ་ཉུང་མཐའི་རིན་གོང་ཟེར་བ་དེ་སྤྲོད་ཀྱི་མེད་པ་ཡིན་འདུག  ཐེངས་འདིའི་ཞིང་པའི་ངོ་རྒོལ་ལས་འགུལ་དེ་ཞིང་པའི་ཚོགས་པ་ཁྱོན་༢༠༠ ཙམ་གྱིས་གོ་སྒྲིག་བྱས་ཡོད་འདུག ཧ་རི་ཨ་ན་དང་པན་ཇབ་གཉིས་ཀྱི་ཆེས་མཐོའི་ཁྲིམས་ཁང་ནས་ཞིང་པ་ཚོའི་ངོ་རྒོལ་བཀག་འགོག་བྱས་ན་འགྲིག་གི་མེད་པ་དང་། འགྲོ་འདུག་རང་དབང་སྤྲོད་དགོས་པར་བརྗོད་ཡོད་འདུག དེ་བཞིན་ཕྱོགས་འགལ་ཚོགས་པས་ཞིང་པ་ཚོ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་འདུག ད་བར་ཞིང་པ་དང་ཉེན་རྟོག་པ་འགའ་ཤས་ངོ་རྒོལ་ཁྲོད་རྨས་ཡོད་འདུག།

གསར་འགོད་པ། བསོད་ནམས་ཕུན་ཚོགས།