ལྷ་ཁང་ནང་བུད་མེད་བཀག་འགོག་ཁྲིམས་དང་མ་མཐུན་པའི་ཐག་གཅོད།
རྒྱ་གར་མུམ་བྷེ་ཡི་ཁྲིམས་ཁང་མཐོ་ཤོས་ཀྱིས་ལྷ་ཁང་ཞིག་གི་ནང་བུད་མེད་འཛུལ་མི་ཆོག་པ་དེ་རྩ་ཁྲིམས་དང་འགལ་བ་ཡིན་པའི་ཁྲིམས་ཐག་བཅད་འདུག
དེ་ཡང་ཟླ་འདིའི་ཚེས་༢༦ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་གར་མུམ་བྷའེ་རུ་ཡོད་པའི་ཧ་ཇེ་ཨ་ལི་ལྷ་ཁང་ནི་དུས་རབས་༡༥ པའི་ནང་བརྒྱབ་པའི་ཁ་ཆེ་སུ་ཧྤི་ལྷ་ཁང་ཞིག་ཡིན་པ་དང་། ཕྱི་ལོ་༢༠༡༢ ལོར་ལྷ་ཁང་དེའི་ནང་གི་ཆོས་དཔོན་གྱི་བང་སོ་ལ་བུད་མེད་ཀྱིས་ལག་པ་འཆང་བ་ནི་སྡིག་པ་ཡིན་ཚུལ་བརྗོད་ནས། དེའི་ནང་བུད་མེད་འཛུལ་རྒྱུ་བཀག་འགོག་བྱེད་ཀྱི་ཡོད་འདུག
བཀག་སྡོམ་དེར་ཁ་ཆེའི་བུད་མེད་ཚོགས་པ་ཞིག་གིས་མོས་མཐུན་མ་བྱས་པར་མུམ་བྷེའི་ཁྲིམས་ཁང་མཐོ་ཤོས་ལ་ཞུ་གཏུག་བྱས་ཡོད་པ་དང་། ཁྲིམས་ཁང་གིས་དེ་ནི་རྒྱ་གར་གྱི་རྩ་ཁྲིམས་དང་འགལ་བ་མ་ཟད། བུད་མེད་ལ་དབྱེ་འབྱེད་བྱས་པ་རེད་ཅེས་བཀག་སྡོམ་དེ་མེད་བཟོས་ཡོད་པར། བུད་མེད་ཚོགས་པ་དེས་དགའ་བསུ་བྱས་འདུག
འོན་ཀྱང་ཁྲིམས་ཐག་དེ་ལག་ལེན་དངོས་སུ་ད་ལྟ་བསྟར་མེད་པ་དང་། ལྷ་ཁང་གི་འཛིན་སྐྱོང་མི་སྣ་ཚོར་ཁྲིམས་ཐག་དེ་ཆེས་མཐོའི་ཁྲིམས་ཁང་ལ་ཞུ་གཏུག་བྱེད་མིན་ཆེད་བདུན་ཕྲག་དྲུག་གི་དུས་ཚོད་སྤྲད་པ་ཡིན་འདུག
ཕྱི་ལོ་༢༠༡༦ ལོའི་ཟླ་༤ པའི་ནང་རྒྱ་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་མཱ་ཧ་ར་ཤྲེ་ཊིའི་མངའ་སྡེའི་ཤཱ་ནི་ལྷ་ཁང་ནང་ལོ་ངོ་༤༠༠ རིང་བུད་མེད་འགྲོ་མ་བཅུག་པ་དེ་ཚུལ་མིན་ཡིན་པ་དང་། ཕོ་མོ་གཉིས་ཀར་ཆོས་བྱེད་པའི་ཐོབ་ཐང་འདྲ་མཉམ་ཡོད་པ་བརྗོད་ནས། ཁྲིམས་དེར་བསྒྱུར་བཅོས་བཏང་ནས་བུད་མེད་འགྲོ་ཆོག་པ་བཟོས་ཡོད་པ་རེད།
ཉེ་བའི་ཆར་རྒྱ་གར་ནང་དུ་བུད་མེད་བཀག་སྡོམ་བྱེད་ཡུལ་གྱི་ལྷ་ཁང་མང་པོ་ཞིག བུད་མེད་ཐོབ་ཐང་རྩོད་ལེན་པ་ཚོས་ཁྲིམས་ཁང་ལ་གཏུག་ནས་རྒྱལ་ཁ་ཐོབ་ཡོད་པ་རེད།
གསར་འགོད་པ་སྐལ་བཟང་དོན་གྲུབ།