ལྷ་མོ་གསོན་སྲེག་གཏོང་མཁན་གྱི་རྒྱ་མི་དེར་སྲོག་ཁྲིམས་བཅད་འདུག
རྔ་བ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། རྒྱལ་རོང་གི་བུད་མེད་ལྷ་མོ་གདུག་རྩུབ་ཆེན་པོས་གསོན་སྲེག་བྱེད་མཁན་གྱི་རྒྱ་མི་ཐང་ལོང་(Tang Lu)ལ་སྲོག་གི་ཁྲིམས་ཐག་བཅད་ཡོད་འདུག
ན་ནིང་ཕྱི་ཟླ་ ༩ པའི་འགོ་སྟོད་ཀྱི་མཚན་མོ་ཞིག་ལ་སྤྱི་ཚོགས་དྲ་བའི་ཐོག་ཏུ་རྗེས་འབྲང་བ་འབུམ་ལྷག་ཡོད་པའི་རྒྱལ་རོང་གི་བུད་མེད་ལྷ་མོས་རང་ཁྱིམ་ནས་དྲ་བའི་ཐད་གཏོང་བྱེད་བཞིན་པའི་སྐབས། མོའི་སྔར་གྱི་ཁྱོ་ག་རྒྱ་མི་དེ་གློ་བུར་དུ་ནང་ལ་འཛུལ་ནས་མོའི་ལུས་སྟེང་དུ་ས་སྣུམ་བླུགས་ནས་གདུག་རྩུབ་དྲག་པོས་གསོན་སྲེག་བཏང་ཡོད།
གདུག་རྩུབ་ཆེ་བའི་དམར་གསོད་ཀྱི་གསར་འགྱུར་དེ་བོད་དང་རྒྱ་ནག་ཙམ་མ་ཡིན་པར། འཛམ་གླིང་གི་བརྒྱུད་ལམ་ཆེ་ཁག་ཕལ་མོ་ཆེར་ཁྱབ་པ་མ་ཟད། དེ་ལ་བརྟེན་ནས་རྒྱ་ནག་གི་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་དང་། ཕོ་མོ་དབྱེ་འབྱེད་ཀྱི་དཀའ་ངལ་སྐོར་ལ་གླེང་སློང་དང་རྟོག་ཞིབ་གསར་པ་ཞིག་བྱུང་བའི་འགོ་བརྩམས་ཡོད།
ཁ་སང་རྔ་བ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཚབས་ཆེའི་གྱོད་དོན་དེ་དང་འབྲེལ་བའི་ཁྲིམས་ཐག་ཕྱིར་བསྒྲགས་བྱས་པའི་ནང་། རྒྱ་མི་ཐང་ལོང་གིས་ལོ་ན་ ༣༠ ལ་སོན་པའི་ལྷ་མོ་ལ་ས་སྣུམ་བླུགས་ནས་དམར་གསོད་བཏང་བའི་ནག་ཉེས་ར་འཕྲོད་བྱུང་བར་བརྟེན། ཉེས་ཅན་པ་ལ་སྲོག་གི་ཁྲིམས་ཐག་བཅད་ཡོད་འདུག
ཁྲིམས་ཁང་དེས་ཐང་ལོང་གིས་ལྷ་མོ་བསམ་བཞིན་དུ་བསད་པ་དང་། གསོད་སྟངས་ཀྱང་“གདུག་རྩུབ་ཆེ་བ།” དེའི་སྤྱི་ཚོགས་ཀྱི་ཤུགས་རྐྱེན་“ཤིན་ཏུ་ངན་པ།” ནག་ཉེས་དེ་“ཧ་ཅང་ཚབས་ཆེ་བ་”ཡིན་ཚུལ་ཕྱིར་བསྒྲགས་བྱས་ཡོད་འདུག
ལྷ་མོ་ནི་བོད་ཀྱི་ཤར་ཕྱོགས་ས་ཁུལ་རྒྱལ་རོང་ཁྲོ་སྐྱབས་ཀྱི་ཞིང་བའི་ཁྱིམ་ཚང་དཀྱུས་མ་ཞིག་གི་བུ་མོ་ཡིན་ཞིང་། ཕྱི་ལོ་ ༢༠༠༩ ལོར་རྒྱའི་སྐྱེས་པ་ཐང་ལོང་ཟེར་བ་དེ་དང་གཉེན་སྒྲིག་བྱས་རྗེས་བུ་ཕྲུག་གཉིས་སྐྱེས་ན་ཡང་། རྗེས་སུ་སྐྱེས་པ་དེས་ཁོང་མོར་གཅར་རྡུང་དང་མནར་གཅོད་མང་པོ་བཏང་བར་བརྟེན། ཕྱི་ལོ་ ༢༠༢༠ ལོར་མོ་ཁྱོ་ག་དེ་དང་ཁ་ཐོར་ནས་རང་ཁྱིམ་དུ་ལོག་ཡོད་འདུག འོན་ཀྱང་། རྒྱ་རིགས་སྐྱེས་པ་དེས་ཁོ་གཉིས་བསྐྱར་དུ་འགྲིག་མཐུན་ཡོང་བར་རེ་བ་ཐེངས་མང་བརྒྱབ་ཀྱང་གྲུབ་འབྲས་མ་ཐོན་སྟབས། ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༤ ཉིན་གྱི་དགོང་མོར་ལྷ་མོས་སྤྱི་ཚོགས་དྲ་ལམ་བརྒྱུད་ཐད་གཏོང་བྱེད་བཞིན་པའི་སྐབས་དང་བསྟུན་རྒྱ་རྒན་དེ་གློ་བུར་དུ་ཁོང་མོའི་ཁྱིམ་དུ་འཛུལ་ཏེ། ལུས་ཡོངས་སུ་ས་སྣུམ་བླུགས་ནས་མེར་སྲེག་བཏང་ཡོད་པ་དང་། ཅུང་ཙམ་འགོར་རྗེས་ཁྱིམ་མཚེས་སོགས་ཀྱིས་ཨ་མཚོ་འབར་ཁམས་སྨན་ཁང་དུ་འཁུར་ནས་མྱུར་སྐྱོབ་བྱས་ཡོད་ཀྱང་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་འདས་གྲོངས་སུ་ཕྱིན་ཡོད་འདུག
ཨ་མཚོ་ལགས་ནི་ཕྱི་ལོ་ ༡༩༩༠ ལོར་སྐྱེས་ཤིང་། ཁོང་མོའི་དྲྭ་མིང་ལ་བུ་མོ་ནག་པོའམ་ལྷ་མོ་དང་། ཁོང་མོས་ཐུགས་རྗེ་ཆེན་པོའི་ལྕགས་ཟམ་ཁར་ཚོང་ཁང་ཆུང་ཆུང་ཞིག་ཕྱེ་ནས་ཚོང་ལས་གཉེར་ཞོར་དུ་དབྱར་ཁ་རི་མགོ་ནས་སྤྲུ་ནག་དང་ལྕུམ་རྩ། དབྱར་རྩྭ། ད་དུང་རྩྭ་སྨན་དང་སྔོ་སྨན་གྱི་རིགས་སོགས་འདྲ་མིན་བརྐོ་ཞོར་དུ། ཡུལ་དངོས་ཀྱི་འཚོ་བའི་སྣང་བརྙན་དངོས་ཐད་གཏོང་བརྒྱུད་དྲ་ལམ་དུ་སྤེལ་བཞིན་ཡོད་སྟབས། མོའི་ཐད་གཏོང་ནང་ལྟ་མཁན་མི་ཁྲི་ ༢ ལྷག་དང་དགའ་མོས་བྱེད་མཁན་མི་གྲངས་ཁྲི་ ༩༠ བརྒལ་ཡོད་འདུག་ལ། ཁོང་མོ་མེར་སྲེག་བཏང་བའི་ཡ་ང་བའི་གནས་ཚུལ་དེ་བྱུང་སྐབས་དྲ་ལམ་ནས་གདུང་སེམས་མཉམ་སྐྱེད་བྱེད་མཁན་དང་སྲིད་གཞུང་གིས་གྱོད་དོན་དེར་ངེས་པར་དུ་ཁྲིམས་ལྟར་ཐག་གཅོད་ནན་པོ་དགོས་པའི་འབོད་སྐུལ་བྱས་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།