ལྷ་མོའི་འཁྲབ་སྟོན་ནང་ཞུགས་ན་བོད་ཀྱི་རིག་གཞུང་ལ་ཞབས་འདེགས་ཆེན་པོ་འབུལ་བ་ཞིག་ཆགས་ཀྱི་ཡོད་པ་རེད།

ཟླ་འདིའི་ཚེས་ ༧ ཉིན་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པའི་དབུ་འབྱེད་ཀྱི་མཛད་སྒོ་དེ་བོད་ཀྱི་ཟློས་གར་ཁང་གི་མདུན་ཐང་དུ་འཚོགས་ཡོད་པ་དང་། ཐེངས་འདིའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་། གཞན་ཡང་སྐུ་མགྲོན་དུ་དཔལ་ལྡན་ཚོགས་གཞོན་དང་། དཔལ་ལྡན་ཁྲིམས་ཞིབ་པ་གཞན་གཉིས། དཔལ་ལྡན་ཤེས་རིག་བཀའ་བློན་གཙོས་པའི་རང་དབང་ཅན་གྱི་ལས་ཁུངས་ཁག་གི་འགན་འཛིན་རྣམ་པ་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། དེ་བཞིན་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལས་སྣེ་རྣམ་པ། གཞན་ཡང་ས་གནས་ཁག་གི་ལྷ་མོའི་འཁྲབ་སྟོན་པ་རྣམ་པ་དང་སེར་སྐྱ་མང་ཚོགས་བཅས་མཉམ་ཞུགས་གནང་ཡོད་པ་རེད།
སྐབས་དེར་ཐོག་མར་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོས་འཚམས་འདྲི་དང་སྦྲགས། བོད་ཀྱི་ལྷ་མོའི་བྱུང་རིམ་དང་གལ་ཆེའི་རང་བཞིན་སོགས་དང་འབྲེལ་བའི་གསུངས་བཤད་གནང་དོན། ཁོང་གིས། བོད་ཀྱི་ཞོ་སྟོན་ཐེངས་ ༢༧ པ་གྲུབ་པའི་རྗེས་ལ། ནམ་རྒྱུན་ཡིན་ན་ཞོ་སྟོན་དེ་བཞིན་གཞིས་ཆགས་ཁག་ལ་རེ་མོས་བཞིན་འཁྲབ་ཀྱི་ཡོད་པ་རེད། འོན་ཀྱང་ད་ལན་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པ་དེ་བཞིན་བཞུགས་སྒར་རྡ་རམ་ས་ལར་ཚོགས་ཤིང་། དེ་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་དགུང་གྲངས་ ༩༠ ལ་ཕེབས་ཀྱི་ཡོད་པའི་གོ་སྟོན་སྲུང་བརྩིའི་ལས་འཆར་དང་བསྟུན། བཀའ་དྲིན་རྗེས་དྲན་གྱི་ཆ་ཤས་སུ་བཞུགས་སྒར་དུ་ཞོ་སྟོན་སྲུང་བརྩི་གནང་བ་ཞིག་རེད་འདུག དེ་རིང་སྔ་དྲོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཚོགས་པ་སྒྲིག་འཛུགས་ཁག་ཅིག་ནས་བརྟན་ཞུགས་བསྟར་འབུལ་སྐབས། ༧གོང་ས་མཆོག་མཇལ་ཁ་དང་། གསུང་ཐོས་རྒྱུའི་བསྐལ་པ་བཟང་པོ་བྱུང་ཡོད་རེད། དེ་བཞིན་རྣམ་པ་ཚོའི་ལས་རིམ་དེ་ཡང་གོ་སྟོན་སྲུང་བརྩིའི་ཆ་ཤས་སུ་བསྒྲིགས་པ་ཡིན་དུས། དུས་ཚོད་སོགས་གང་ཅིའི་ཐོག་ནས་བསྐལ་པ་བཟང་པོ་དང་། རྟེན་འབྲེལ་ཡག་པོ་བྱུང་བའི་ཚོར་སྣང་བྱུང་། གཙོ་བོ་སྐུ་ལས་སྐྱོན་མཁན་ཕྱོགས་མཐའ་ཁག་གི་ལྷ་མོའི་ཚོགས་པ་བཅུ་དང་། སློབ་གྲྭ་ཁག་གསུམ། བོད་ཀྱི་ཟློས་གར་ཚོགས་པ་བཅས་སྡེ་ཚན་བཅུ་བཞི་ཙམ་གྱིས་ཐེངས་འདིའི་ཞོ་སྟོན་སྐབས་ལྷ་མོའི་འཁྲབ་གཞུང་ཁག་འཁྲབ་ཀྱི་ཡོད་འདུག
ང་ཚོའི་ལྷ་མོའི་འཁྲབ་གཞུང་དེར་ལོ་རྒྱུས་ཐོག་བལྟས་པ་ཡིན་ན། ལོ་གཅིག་སྟོང་ལྷག་གི་ལོ་རྒྱུས་ཡོད་པ་མཁས་པ་རྣམས་ཀྱིས་བཤད་ཀྱི་ཡོད་རེད། ཨ་ཅེ་ལྷ་མོ་ཞེས་པ་དེ་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་སྲོལ་གཏོད་ནས་བྱུང་བསྡད་པ་ཞིག་ཡིན་དུས། ད་བར་ལོ་ངོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་རིག་གཞུང་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད། ང་ཚོ་བོད་ཀྱི་རིག་གནས་ལ་རིག་གནས་ཆེ་བ་ལྔ་དང་། ཆུང་བ་ལྔ་ཞེས་བཅུ་ཕྲག་རིག་པའི་གནས་ཟེར་གྱི་ཡོད་པའི་ནང་ནས་འཁྲབ་གཞུང་དེ་ཚོ་བོད་ཀྱི་རིག་གནས་ཆེ་བ་ལྔའི་ནང་གི་སྒྲ་རིག་པ་དང་། ནང་དོན་རིག་པའི་ཁོངས་ལ་གཏོགས་ཐུབ་པ་དང་། དེ་བཞིན་རིག་གནས་ཆུང་བའི་ནང་ནས་ཟློས་གར་རིག་པའི་ནང་སླེབས་ཀྱི་ཡོད་པས། རིག་གནས་ཧ་ཅང་གི་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་དུས། རྒྱུན་འཛིན་དར་སྤེལ་གཏོང་རྒྱུའི་དུས་ལ་བབ་པ་དང་། དམིགས་བསལ་གྱིས་ང་ཚོ་བོད་མི་ཚང་མས་དོ་སྣང་གནང་དགོས་པའི་རིག་གཞུང་གལ་ཆེན་པོ་ཞེ་པོ་ཆགས་ཀྱི་ཡོད་རེད། རྩ་བའི་ Opera ཞེས་པ་དེ་འཛམ་གླིང་རྒྱལ་ཁབ་མང་པོའི་ནང་དར་སྲོལ་བྱུང་ཡོད་ཅིང་། དུས་ད་ལྟའང་ཕ་རིན་སི་དང་། ར་ཤི་ཡ། ཨི་ཊ་ལི། རྒྱ་གར་མངའ་སྡེའི་ཁག་འདྲ་མིན་ནང་ལའང་ལྷ་མོའི་རིག་གཞུང་དེ་འདྲ་འཁྲབ་ཀྱི་འདུག ལོ་རྒྱུས་ཐོག་ལ་བལྟས་ཡོང་དུས། དེ་ཚོ་དང་བསྡུར་ན། ང་ཚོའི་ལྷ་མོའི་རིག་གཞུང་དེ་ལོ་རྒྱུས་ཡུན་རིང་ཤོས་འདྲ་པོ་ཞིག་ཆགས་བསྡད་ཀྱི་འདུག ཨ་ཅེ་ལྷ་མོའི་སྲོལ་གཏོད་པ་པོ་ནི་ལྕགས་ཟམ་པ་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ཆགས་ཀྱི་ཡོད་ཅིང་། དེ་ཡང་ཁོང་ལྟ་བུར་ཆ་བཞག་ན། ཆོས་ཕྱོགས་ནས་ཞུས་ན། རྟོགས་པ་མཐོ་པོ་ཡོད་པ། བོད་ཀྱི་ཆོས་དང་། སྤྱི་ཚོགས་ལའང་ཕན་ཐོགས་ཆེན་པོ་བསྐྲུན་ཡོད་པ། ཧི་མཱ་ལ་ཡའི་རི་རྒྱུད་འབྲུག་རྒྱལ་ཁབ་ནང་ལའང་ལྕགས་ཟམ་བཙུགས་ཡོད་པ་ད་ལྟའང་དངོས་སུ་མཇལ་རྒྱུ་ཡོད་པ་དང་། བོད་ནང་ལའང་ཡོད་རེད། ཁམས་ཕྱོགས་ནས་མར་དར་རྩེ་མདོ་ལའང་འདུག སྐབས་དེ་དུས་ས་གནས་ཁག་ལ་འགྲུལ་བཞུད་ད་ལྟ་ནང་བཞིན་སྟབས་བདེ་པོ་མེད་པ་ཚང་མས་མཁྱེན་གསལ་རེད།
ཨ་ཅེ་ལྷ་མོ་ལྟ་བུར་མཚོན་ན། རྒྱ་གར་གྱི་རིག་གཞུང་དང་། རྒྱ་ནག་གི་རིག་གཞུང་། བོད་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་བཅས་ལ་གཞིར་བཞག་ནས་སྒྲིག་འཛུགས་འདྲ་པོ་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་བཟོས་ཡོད་པ་མཁས་པ་ཁག་ཅིག་གིས་བཤད་ཀྱི་འདུག དེའི་རྗེས་ལ་ལྷ་མོའི་འཁྲབ་གཞུང་བརྒྱད་དེ་ཚོ་བརྩམས་ནས་དེའི་ནང་དོན་འདྲ་པོ་ཆགས་ཀྱི་ཡོད་པ། ད་ལྟའི་ཆར་ལྷ་མོའི་འཁྲབ་གཞུང་གི་ནང་དོན་ལ་ཡར་རྒྱས་ཕྱིན་ནས། སྟོན་པའི་མཛད་རྣམ་དང་། མཁན་སློབ་ཆོས་གསུམ་གྱི་ཟློས་གར། ཇོ་བོ་རྗེའི་རྣམ་ཐར། རྗེ་བཙུན་མི་ལ་རས་པའི་རྣམ་ཐར། ས་པཎ་གྱི་རྣམ་ཐར་སོགས་འཁྲབ་ཀྱི་ཡོད་རེད། འཁྲབ་གཞུང་རིག་པ་དེའི་ཐོག་ནས་གསར་པ་བརྩམ་རྒྱུ་དང་གསར་གཏོད་གནང་རྒྱུ་ལས་སླ་པོ་ཆགས་བསྡད་ཀྱི་ཡོད། འཁྲབ་སྟོན་གྱི་ཐོག་ནས་ནང་དོན་དེ་རྟོགས་ཐུབ་པ་ཡིན་ན། སྤྱི་ཚོགས་དང་རང་བཞིན་འབྲེལ་བ་ཆགས་ཐུབ་རྒྱུའི་བརྒྱུད་ལམ་གལ་ཆེན་པོ་ཞིག་ཆགས་བསྡད་ཀྱི་ཡོད་རེད། དེང་སང་རྒྱ་གར་ནང་ Bollywood དང་། ཕྱི་རྒྱལ་ནང་ Hollywood གྱི་གློག་བརྙན་དེ་ཚོས་ཆུ་ཚོད་གཅིག་གཉིས་ཙམ་རིང་སེམས་ཀྱི་ཚོར་བའི་ཐོག་ནས་དོ་སྣང་བྱ་ཡུལ་ཞིག་ཆགས་ཡོད་པ་ལས། མང་ན་ལོ་བརྒྱ་ཉིས་བརྒྱ། དེ་མིན་ལོ་བཅུ་ཡས་མས་ནས་དེའི་ཚོར་བ་དེ་ཡལ་འགྲོ་ཡི་ཡོད་རེད། སྤྱི་ཚོགས་ལ་ཇི་ཙམ་ཕན་ཐོགས་མིན་ཡང་དྲི་བ་ཆགས་བསྡད་ཀྱི་ཡོད་རེད། ང་ཚོའི་ལྷ་མོའི་རིག་གཞུང་ཐོག་ནས་འཁྲབ་སྟོན་གནང་བ་དེ་ཚོ་ད་བར་ལོ་ངོ་དྲུག་བརྒྱ་ལྷག་གནས་ཐུབ་པ་དང་། མ་འོངས་པར་དེ་ལས་ལྷག་རིང་པོར་གནས་ཐུབ་པའི་ནང་དོན་ཕུན་སུམ་ཚོགས་པ་ཞིག་ཡོད་རེད། དེ་ཡང་ཆོས་ཕྱོགས་ནས་ཞུས་པ་ཡིན་ན། སོ་སོ་དད་པ་དག་སྣང་དང་། ལས་རྒྱུ་འབྲས་ལ་ཡིད་ཆེས་ཡོད་པ་ཡིན་ན། སོ་སོའི་རྒྱུད་ལ་ཐར་པའི་ས་བོན་ཐེབས་ཐུབ་པ་དང་། ཐར་པ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགྲོ་ཐུབ་རྒྱུའི་རྣམ་ཐར་དེའི་ནང་སླེབས་བསྡད་ཀྱི་ཡོད་རེད། སྐྱ་བོ་མི་ཆོས་ཐོག་ནས་བསམ་བློ་བཏང་བ་ཡིན་ན། བྱམས་བརྩེ་དང་། གཅིག་གིས་གཅིག་ལ་ཕན་ཐོགས་བསྐྲུན་ཐུབ་རྒྱུ། སྤྱི་ཚོགས་བཟང་ཕྱོགས་ཀྱི་སྣེ་ཁྲིད་ཐུབ་རྒྱུའི་ནང་དོན་ཕུན་སུམ་ཚོགས་ཤིང་། མདོར་ན། ཆོས་དང་འཇིག་རྟེན་གཉིས་ཀའི་ཐོག་ནས་ལྷ་མོའི་རིག་གཞུང་དེ་གལ་ཆེན་པོ་ཆགས་བསྡད་ཡོད་རེད། དེ་ཡིན་དུས། རྣམ་པ་ཚོ་བོད་ཀྱི་ཟློས་གར་དང་། ས་གནས་ཚོགས་པ་ཁག་ནས་སྐུ་ལས་བསྐྱོན་གྱི་ཡོད་རེད་དེ། རྒྱ་ཆེའི་མང་ཚོགས་ནས་ཀྱང་དེ་ལ་དོ་སྣང་བྱས་ནས་གཅེས་ཉར་གནང་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག

དེར་འགལ་རྐྱེན་འདྲ་པོ་གཉིས་ཆགས་བསྡད་ཀྱི་ཡོད་རེད། གཅིག་ནས་བོད་ནང་རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་རྩ་མེད་དང་། ལོ་རྒྱུས་ཀྱི་ཐོག་ནས་འཁྱོག་བཤད་བྱས་ནས་རྒྱ་ནག་གི་རིག་གཞུང་གི་ཆ་ཤས་སུ་བསྒྱུར་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་རེད། དེ་ཉེན་ཁ་ཆེ་ཤོས་ཤིག་ཆགས་བསྡད་ཀྱི་ཡོད། གཞན་ཡང་དེང་དུས་ཁྲ་ཁྲ་ཟིང་ཟིང་སྤྱི་ཚོགས་ཀྱིས་སྲོལ་རྒྱུན་གྱི་རིག་གཞུང་ལ་དོ་སྣང་སླེབས་མ་ཐུབ་པའི་འགོག་རྐྱེན་བཟོ་ཡི་ཡོད་རེད། འགལ་རྐྱེན་དེ་གཉིས་ངོས་ཟིན་པའི་ཐོག་ནས་སྲོལ་རྒྱུན་གྱི་རིག་གཞུང་གཅེས་ཉར་དང་། ཚགས་ཚུད་གཏོང་རྒྱུ། མི་ཉམས་གོང་སྤེལ། ཉམས་པ་སོར་ཆུད་གནང་ཐུབ་དགོས་པ་དེ་གནད་འགག་ཅིག་ཆགས་བསྡད་ཀྱི་འདུག
བོད་ཀྱི་དཔལ་ཡོན་ལ་བསམ་བློ་བཏང་བ་ཡིན་ན། ཉེ་ཆར་བོད་ནང་ནས་གནའ་རྫས་རྟོག་ཞིབ་བྱས་པ་ཞིག་ཐོན་འདུག བོད་ཀྱི་སྟོད་ལུང་དང་། མངའ་རིས་དགེ་རྒྱས་ས་ཆ་དེ་ཚོའི་ནང་ལོ་ངོ་ཁྲི་བཅུའི་གོང་ནས་འགྲོ་བ་མིའི་རིགས་བྱུང་ཡོད་པ་བཤད་ཀྱི་འདུག དེང་སང་ང་ཚོ་དཔལ་ཡོན་སྐོར་བཤད་ཡོང་དུས། རྒྱ་གར་དང་། རྒྱ་ནག ཨི་ཇིབ། གྷི་རི་སིའི་དཔལ་ཡོན་རིང་ཤོས་ཡིན་པ་འདྲ་པོ་བཤད་ཀྱི་ཡོད་རེད། རྩ་བའི་ང་ཚོའི་དཔལ་ཡོན་རིང་པོ་ཡོད་ཀྱང་མར་སྟོན་ཐུབ་ཀྱི་མེད་པ། དེ་ཡང་ལོ་ ༢༠༠༠ ལྷག་ཙམ་གྱི་དཔལ་ཡོན་གནས་བབ་ཙམ་ལས། དེའི་གོང་གི་དཔལ་ཡོན་སྐོར་མར་སྟོན་ཐུབ་ཀྱི་ཡོད་མ་རེད། ད་ལྟའི་གནའ་རྫས་ཞིབ་འཇུག་ལྟར་བྱས་པ་ཡིན་ན། ཕྱི་ལོའི་གོང་གི་ལོ་ ༨༠༠༠ ཙམ་ནས་བོད་ནང་འགྲོ་བ་མིའི་རིགས་བྱུང་ཡོད་པ་བཤད་ཀྱི་ཡོད་དུས། བོད་ཀྱི་རིག་གཞུང་ལ་ལོ་རྒྱུས་ཡུན་རིང་ལྡན་ལ་རྒྱུ་མཚན་ཡོད་པ། དེ་ཚོའི་ཐོག་ལ་དོ་སྣང་བྱས་ནས་སྤྱི་ཚོགས་ནང་སྟོན་ཐུབ་དགོས་པ། ནང་ཆོས་ཐོག་ལ་བཤད་ཡོང་དུས། ལྷ་ཐོ་ཐོ་རི་གཉན་བཙན་སྐབས་སུ་ནང་ཆོས་དབུ་བརྙེས་པ་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་ནང་ཆོས་སྲོལ་གཏོད་པ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་སུ་ནང་ཆོས་དར་ཞིང་རྒྱས་པ། དེ་ཡང་གཙོ་བོ་དུས་རབས་བདུན་པ་དང་བརྒྱད་པའི་སྐབས་ལ་བོད་ལ་ནང་ཆོས་དར་ནས་བོད་ཀྱི་རིག་གཞུང་ཕྱུག་ཏུ་བཏང་སྟེ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་བྱུང་ཡོད་པ། ད་གིན་གོང་དུ་སྟོན་པའི་མཛད་རྣམ་འཁྲབ་པ་རེད། སྐབས་དེ་དུས་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ནང་ནང་ཆོས་དར་ས་ཚང་མ་དང་བོད་ཀྱི་རིག་གཞུང་འབྲེལ་བ་ཆགས་བསྡད་ཀྱི་ཡོད་པ། དོ་སྣང་བྱེད་དགོས་པའི་གནས་སྟངས་ཆགས་ཀྱི་ཡོད་དུས། ཚང་མས་དོ་སྣང་གནང་ནས་བཟང་ཕྱོགས་ཀྱི་ཐོག་ནས་འབྲེལ་བ་འཇོག་ཐུབ་དགོས་པ། ང་ཚོ་གཞིས་ཆགས་ནང་གི་ལྷ་མོ་ཚོགས་པ་ཆུང་ཆུང་ཞིག་ཡིན་བསམ་པ་རྩ་བ་ནས་དྲན་རྒྱུ་ཡོད་མ་རེད། ༧རྒྱལ་དབང་སྐུ་ཕྲེང་ལྔ་པ་དང་། ༧སྐུ་ཕྲེང་བཅུ་གསུམ་པས་ལྷ་མོའི་རིག་གཞུང་ལ་དམིགས་བསལ་གྱིས་གཟིགས་པ་ཆེན་པོ་གནང་འདུག དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་དུ་བོད་ཀྱི་རིག་གཞུང་གལ་ཆེན་པོ་ཡིན་པ་ཡང་ཡང་བཀའ་སློབ་ཕེབས་བསྡད་ཀྱི་ཡོད་དུས། དེར་རིན་ཐང་ཆེན་པོ་ཆགས་བསྡད་ཀྱི་ཡོད་རེད། རྣམ་པ་ཚོས་སྐུ་ལས་བསྐྱོན་པ་དེར་གྲུབ་འབྲས་ཡོད་ངེས་ཅན་ཞིག་ཆགས་བསྡད་ཀྱི་ཡོད་དུས། རྣམ་པ་ཚོ་དངོས་སུ་ཞུགས་མཁན་ཚོས་སེམས་ཤུགས་མ་ཆག་པའི་ཐོག་ནས་མུ་མཐུད་ཚང་མས་རིག་གཞུང་དར་སྤེལ་གནང་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག ད་ལན་ཨ་རི་དང་། བལ་ཡུལ་སོགས་ནས་བཞུགས་སྒར་རྡ་རམ་ས་ལར་ལྷ་མོ་འཁྲབ་པར་སླེབས་འདུག་པར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སེམས་ཤུགས་མ་ཆག་པའི་ཐོག་མུ་མཐུད་གཞིས་བྱེས་མཉམ་འཛོམས་མ་བྱུང་བར་འབད་བརྩོན་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཆོས་ཕྱོགས་ནས། བསྟན་པ་དར་བའི་དུས་སུ་ཆོས་ཀྱི་ཉམས་ལེན་བྱས་པ་ལས་བསྟན་པ་ཉམས་ཆག་འགྲོ་བའི་དུས་སུ་ཆོས་ཀྱི་ཉམས་ལེན་བྱས་ན་དགེ་བ་དང་ཕན་ཐོགས་ཆེ་བ་ཡོད་ཅེས་གསུང་གི་ཡོད་རེད། དེ་ཡིན་དུས་རིག་གཞུང་ཡང་དེ་འདྲ་ཆགས་བསྡད་ཡོད་རེད། བོད་ས་མ་ཤོར་ནས་བསྡད་ཡོད་ན། ཞོ་སྟོན་དེ་རྒྱུན་ལྡན་གྱི་ཞོ་སྟོན་ཞིག་ཆགས་ཀྱི་ཡོད་རེད། ད་ལྟའི་དུས་ཚོད་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་གནས་མ་གནས་ཀྱི་མཚམས་ལ་ཡོད་དུས། དེའི་སྐབས་སུ་སེམས་ཤུགས་བྱས་ནས་ལྷ་མོའི་འཁྲབ་གཞུང་ནང་ཞུགས་པ་ཡིན་ན་བོད་ཀྱི་རིག་གཞུང་ནང་ཞབས་འདེགས་ཆེན་པོ་འབུལ་བ་ཞིག་ཆགས་ཀྱི་ཡོད་པ་རེད། སོ་སོས་བྱས་པ་དེ་བོད་ཀྱི་སྐད་ཡིག་དང་། རིག་གཞུང་ལ་ཞབས་འདེགས་ཞུ་གི་ཡོད་བསམ་པ་དྲན་དགོས་རྒྱུ་གལ་ཆེན་པོ་རེད་འདུག དེ་གཅིག་ཞུ་རྒྱུ་ཡིན།
ང་ཚོས་དུས་རྒྱུན་ཆབ་དཔལ་རིག་གསུམ་ཞེས་བཤད་ཀྱི་ཡོད་པ་ལྟར་དེ་གསུམ་ཀ་གལ་ཆེན་པོ་རེད། བསམ་བློ་ཞིབ་མོར་གཏོང་དུས། རིག་གཞུང་དེ་གལ་ཆེ་ཤོས་འདྲ་པོ་རེད་འདུག རིག་གཞུང་མེད་པ་ཡིན་ན་ཆབ་སྲིད་ཀྱི་གནས་བབ་རང་བཞིན་གྱིས་བརླག་འགྲོ་ཡི་ཡོད་པ། དཔལ་འབྱོར་གྱི་གནས་བབ་ངོ་བོ་ངོས་འཛིན་གནང་རྒྱུ་ཁག་པོ་ཆགས་བསྡད་ཀྱི་ཡོད་རེད། རིག་གཞུང་ཡག་པོ་གནས་ཐུབ་པ་ཡིན་ན། ཆབ་སྲིད་ཀྱི་འཐབ་རྩོད་ཐོག་ལ་རིག་གཞུང་དེ་ནུས་པའི་འབྱུང་ཁུངས་འདྲ་པོ་ཆགས་ཀྱི་ཡོད་རེད། བོད་ཀྱི་སྐད་དང་རིག་གཞུང་བརླག་སོང་བ་ཡིན་ན། བོད་པ་ཞེས་པ་འཛུབ་མོ་འཛུགས་ས་མེད་པ་འདྲ་པོ་ཆགས་ཀྱི་ཡོད། བྱས་ཙང་ལྷ་མོའི་འཁྲབ་གཞུང་ནང་ཞུགས་པ་བརྒྱུད་རྣམ་པ་ཚོས་བོད་ཀྱི་འཐབ་རྩོད་ཐོག་ལའང་ཞབས་འདེགས་ཞུ་བར་འགྲོ་ཡི་ཡོད་དུས། དེ་འདྲའི་དགོངས་པ་བཞེས་ནས་མུ་མཐུད་ཕྱག་ལས་རྒྱ་ཆེར་གནང་རོགས་ཞུ་རྒྱུ་ཡིན། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་ལྷ་མོ་ཚོགས་པ་ཁག་ལ་རིན་ཐང་ཆེན་པོ་དང་གལ་ཆེན་པོར་བརྩིས་ནས་མཐུན་འགྱུར་སྦྱར་གྱི་ཡོད་པ་རེད། རྣམ་པ་ཚོས་༧གོང་ས་མཆོག་གི་དགོངས་གཞི་དང་། བོད་མི་རིགས་བསྟན་པ་ཆབ་སྲིད་ལ་ཞབས་འདེགས་ཞུ་གི་ཡོད་བསམས་ནས་ལྷག་བསམ་དང་སྙིང་སྟོབས་མ་ཉམས་པ་གནང་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག མཐའ་དོན་རྣམ་པ་ཚོ་ལྷ་མོའི་སྡེ་ཚན་ཁག་བཅུ་བཞི་ཙམ་གྱིས་འཁྲབ་སྟོན་གནང་བ་དེའི་དགེ་བའི་རྩ་བ་ལ་བརྟེན་ནས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་། ཐུགས་ཀྱི་དགོངས་བཞེད་ལྷུན་གྱིས་འགྲུབ་པ། བོད་དོན་བདེན་མཐའ་མྱུར་དུ་གསལ་ནས་གཞིས་བྱེས་མཉམ་འཛོམས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་ཞེས་གསུངས།
གཞན་ཡང་གོང་ཚེས་ཉིན་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་ནས་ཞོ་སྟོན་ངོ་སྤྲོད། དེ་བཞིན་བོད་ཀྱི་ཟློས་གར་ཚོགས་པ་གཙོས་ཕྱོགས་མཐའི་ལྷ་ཚོགས་རྣམས་ནས་ལྷ་གཞུང་སྙིང་བསྡུས་སྐར་མ་ ༣༠ རེ་གཟིགས་འབུལ་ཞུས་གནང་སོང་།
ཕྱི་ཚེས་ ༨ ནས་ ༡༩ བར་བོད་ཀྱི་ཟློས་གར་ཚོགས་པ་གཙོས་པའི་ཕྱོགས་མཐའ་ཁག་ནས་ཕེབས་པའི་ལྷ་མོའི་ཚོགས་པ་རྣམས་ནས་དུས་ཡུན་དེའི་རིང་ལྷ་མོའི་འཁྲབ་གཞུང་ཆེན་མོ་བརྒྱད་གཙོས་པའི་ལྷ་གཞུང་རྣམས་གཟིགས་འབུལ་གནང་རྒྱུ་རེད་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།