ལྷ་སར་གངས་ཤུད་ཀྱི་ལྟེ་གནས་བཟོ་འཆར།
ཟླ་འདིའི་ཚེས་༢༥ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་དང་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། བོད་ཀྱི་རང་བྱུང་ཁོར་ཡུག་ལ་གངས་རི་མང་པོ་ཡོད་པས། རྒྱལ་ས་ལྷ་སའི་ཉེ་འགྲམ་ལ་གངས་ཤུད་གཏོང་སའི་ལྟེ་གནས་ཤིག་བཟོ་འཆར་ཡོད་པའི་གསལ་བསྒྲགས་བྱས་ཡོད་འདུག
དེ་ནི་འཛམ་གླིང་ནང་གི་གངས་ཤུད་གཏོང་སའི་ལྟེ་གནས་མཐོ་ཤོས་གྲས་ཤིག་བཟོ་འཆར་ཡོད་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ལོ་ལྔའི་ལས་འཆར་གྱི་ཆ་ཤས་ཤིག་ཡིན་འདུག བོད་རང་སྐྱོང་ལྗོངས་རྩེད་རིགས་ལས་ཁུངས་ཀྱི་ཚོགས་གཞོན་ཉི་མ་ཚེ་རིང་གིས་བོད་དེ་རྒྱ་མཚོའི་ངོས་ནས་བརྩིས་པའི་ཆ་སྙོམས་ཀྱི་མཐོ་ཚད་མི་ཊར་༤༠༠༠ ལ་ཆགས་ཡོད་པས། བོད་ལ་གངས་ཤུད་རྩེད་རིགས་ཆེད་དུ་རང་བྱུང་གི་གངས་དང་ཁྱགས་རོམ་གྱི་ཐོན་ཁུངས་ཕྱུག་པོ་ཡོད་པ། གངས་ཤུད་རྩེད་རིགས་ཀྱི་ལྟེ་གནས་ཤིག་ལྷ་སར་ཡོད་ན། བོད་ཀྱི་ན་གཞོན་ཚོར་རྩེད་རིགས་དེ་ལ་དོ་སྣང་དང་བློ་སྤོབས་འཕེལ་བར་ཕན་ཐོགས་ཡོད་སྐོར་འགྲེལ་བརྗོད་བྱས་འདུག
ཕྱི་ལོ་༢༠༡༦ ལོར་རྒྱ་ནག་རྒྱལ་ཡོངས་གངས་ཤུད་རྩེད་འགྲན་ནང་བོད་རིགས་༤ མཉམ་ཞུགས་བྱས་ཡོད་པ་དང། ཁོ་ཚོས་ཉིན་༩༠ ལས་སྦྱོང་བརྡར་བྱེད་རྒྱུ་བྱུང་མེད་ཀྱང། ཁོང་ཚོའི་ཁྲོད་ཟླ་བས་བུ་ཡི་སྡེ་ཚན་ནང་ཨང་༨ པ་བླངས་ཡོད་འདུག
གངས་ཤུད་བཏང་ན་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཡོད་སྲིད་པ་དང། དེ་དག་མེད་པར་བཟོ་བའི་འཆར་གཞི་གང་ཡོད་སྐོར་ཀྱི་གནས་ཚུལ་གང་ཡང་བཀོད་མེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།