ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པར་བརྡ་ཕྲིན་བེད་སྤྱོད་གཏོང་ཕྱོགས་ཀྱི་གཟེངས་རྟགས།
དྷ་སར་རྟེན་གཞི་བྱས་པའི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ལ་ལྷོ་ཨེ་ཤེ་ཡའི་ནང་གཞུང་འབྲེལ་མིན་པའི་ཚོགས་པ་ནང་ནས་<<དྲ་ཚིགས་དང་དྲ་བའི་ཡོ་བྱད་བེད་སྤྱོད་ཆེས་ཡག་ཤོས་གཏོང་མཁན་>>གྱི་གཟེངས་རྟགས་ཨང་དང་པོ་དེ་ཐོབ་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཚེས་ ༩ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རྒྱ་གར་རང་བྱུང་བསྟི་གནས་ཁང་དུ་(India Habitat Centre) མང་ཚོགས་ཁེ་ཕན་དེབ་སྐྱེལ་ཚོགས་པ་ Public Interest Registry (PIR) དང་། བརྡ་འཕྲིན་ནུས་སྤེལ་ཐེབས་རྩ་ཁང་ Digital Empowerment Foundation (DEF) གཉིས་ཀྱིས་གོ་སྒྲིག་འོག་སྐབས་བཞི་པའི་༢༠༡༥ ལོའི་ལྷོ་ཨེ་ཤེ་ཡའི་ནང་གཞུང་འབྲེལ་མིན་པའི་ཚོགས་པ་ནང་ནས་བརྡ་འཕྲིན་བེད་སྤྱོད་ཡག་ཤོས་གཏོང་མཁན་གྱི་གཟེངས་རྟགས་སྤྲོད་པའི་མཛད་སྒོ་དངོས་གཞི་དེ་འཚོགས་ཡོད་པ་རེད།
ཐོག་མའི་འོས་གཞི་ནང་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་རྒྱ་གར་དང་། བལ་ཡུལ། པཱ་ཀི་སི་ཐན། ཨབ་གྷ་ནི་སི་ཐན། བྷང་ལ་དྷི་ཤི། འབྲུག སིང་གྷ་ལ། མལ་ཌེ་ཝས་བཅས་རྒྱལ་ཁབ་བརྒྱད་ཀྱི་ནང་གཞུང་འབྲེལ་མིན་པའི་ཚོགས་པ་གྲངས་༢༢༥ ནང་སླེབས་ཡོད་པ་རེད།
དེ་དག་འདེམས་སྒྲུབ་ཀྱི་སྡེ་ཚན་ཁག དྲ་ཚིགས་དང་དྲ་བའི་ཡོ་བྱད་བེད་སྤྱོད་ཆེས་ཡག་ཤོས་གཏོང་མཁན་དང་། གཞན་ཡང་སྤྱི་ཚོགས་འབྲེལ་མཐུད་ཀྱི་བརྒྱུད་ལམ། ཁ་པར་གྱི་མཉེན་ཆས་རིགས། རང་འགུལ་གྱི་མཉེན་ཆས་དང་བརྒྱུད། དྲ་ཚིགས་ཐོག་གྲངས་འཛིན་གྱི་ཡི་གེ་དང་པར། དྲ་ཐོག་ཚོང་དོན་རྒྱུས་སྟོན་སོགས་ཁྱོན་སྡེ་ཚན་ཁག་དྲུག་ཙམ་དབྱེ་ཡོད་ཅིང་།
ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ལ་ཕྱི་ལོ་ ༢༠༡༥ ལོའི་ལྷོ་ཨེ་ཤེ་ཡའི་ནང་(Best use of Website & Internet Tools) དྲ་ཚིགས་དང་དྲ་བའི་ཡོད་བྱད་བེད་སྤྱོད་ཆེས་ཡག་ཤོས་གཏོང་མཁན་གྱི་ཨང་རིམ་དང་པོའི་གཟེངས་རྟགས་ཐོབ་ཡོད་པ་རེད།
ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་འགན་འཛིན་གཞོན་པ་བློ་བཟང་རབ་གསལ་དང་། དྲུང་ཆེ་ཚེ་རིང་དབང་འདུས། ལས་འཆར་འགན་འཛིན་རྡོ་རྗེ་སྐྱིད་གསུམ་མཛད་སྒོར་དངོས་སུ་ཆེད་བཅར་གྱིས། དྲུང་ཆེ་ཚེ་རིང་དབང་འདུས་ཀྱིས་གོང་གསལ་ཚོགས་པ་དེ་གཉིས་ཀྱིས་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་། ཟུར་དཔང་། གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་གཙོས་རྒྱལ་ཁབ་བརྒྱད་ནས་ཕེབས་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ཁྱོན་མི་གྲངས་ ༡༠༠༠ ཙམ་ལ་ཚོགས་པའི་ལས་དོན་ཁག་དང་། བོད་དོན། དམིགས་བསལ་དྲ་ཚིགས་དང་དྲ་བའི་བརྒྱུད་ལམ་བེད་སྤྱོད་ཇི་ལྟར་གཏོང་གི་ཡོད་མེད་སོགས་ངོ་སྤྲོད་དང་འབྲེལ་ཁོང་གསུམ་པོས་གཟེངས་རྟགས་དེ་བླངས་ཡོད་པ་རེད།
ད་ཐེངས་གོ་སྐབས་འདིའི་བརྒྱུད་གོང་གསལ་རྒྱལ་ཁབ་དེ་དག་ནས་ཕེབས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་མང་པོ་དང་ཐུག་འཕྲད་ཀྱིས་བོད་དོན་སྐོར་ངོ་སྤྲོད་ཁྱབ་བསྒྲགས་གང་ལེགས་བྱུང་ཡོད་པ་རེད།
ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་བོད་ཨིན་གཉིས་ནང་དྲ་ཚིགས་མི་འདྲ་བ་བརྒྱད་ཙམ་གཙོ་གཉེར་བྱེད་བཞིན་ཡོད་ཅིང་། དེ་བཞིན་དྲ་ལམ་ལ་ཚོགས་པའི་ཉིན་རེའི་ལས་དོན་སྐོར་དང་། བོད་གནས་གསར་འགྱུར། བོད་ཀྱི་སྐད་ཡིག་དང་ལེགས་སྦྱང་དར་སྤེལ་སྐོར། ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ་སོགས་དུས་ཐོག་ཏུ་འགོད་སྤེལ་བྱེད་བཞིན་པ་མ་ཟད་དྲ་ཚིགས་དང་དྲ་ལམ་དོ་དམ་དང་བེད་སྤྱོད་ཚད་ལྡན་གཏོང་བཞིན་པ་བཅས་ལ་བརྟེན་ནས་ད་ཐེངས་ཀྱི་གཟེངས་རྟགས་འདི་ཐོབ་ཡིན་པ་རེད་ཅེས་ཚོགས་པ་དེས་འགྲེལ་བརྗོད་བྱས་འདུག
ཕྱི་ལོ་ ༢༠༡༤ ལོར་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པར་ལྷོ་ཨེ་ཤེ་ཡའི་ནང་གཞུང་འབྲེལ་མིན་པའི་ཚོགས་པས་སྤྱི་ཚོགས་འབྲེལ་མཐུད་ཀྱི་བརྒྱུད་ལམ་བེད་སྤྱོད་ཆེས་ཡག་ཤོས་གཏོང་མཁན་གྱི་བྱ་དགའ་ཨང་གཉིས་པ་ཐོབ་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།