ལྷོ་ཀོ་རི་ཡའི་ནང་པའི་གྲྭ་པ་ཞིག་གིས་རང་སྲེག་ངོ་རྒོལ་བྱས་ནས་གྲོངས་འདུག
ལོ་ན་༦༤ ཡིན་པའི་ལྷོ་ཀོ་རི་ཡའི་ནང་པའི་གྲྭ་པ་འཇུང་ཝོན་གྱིས། ཕྱི་ལོ་༢༠༡༥ ལོར་ལྷོ་ཀོ་རི་ཡ་དང་ཉི་ཧོང་གཉིས་བར། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ལྷོ་ཀོ་རི་ཡའི་བུད་མེད་མང་པོ་ཞིག ཉི་ཧོང་གི་དམག་མིས་ཆགས་སྤྱོད་ཀྱི་བྲན་གཡོག་ལ་བེད་སྤྱད་པའི་གནད་དོན་ཐད་བཞག་ཡོད་པའི་གྲོས་མཐུན་དང་། སྲིད་འཛིན་ལྕམ་པག་གྷེའུ་ཧེ་ལ་ངོ་རྒོལ་ཆེད་ཟླ་འདིའི་ཚེས་༧ ཉིན་རང་སྲེག་བྱས་འདུག་པ་དང་། ཟླ་འདིའི་ཚེས་༩ ཉིན་གྱི་དགོང་མོར་སྨན་ཁང་ནང་གྲོངས་ཡོད་འདུག
དེ་ཡང་གྲྭ་པ་དེས་ལོ་མང་རིང་། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཉི་ཧོང་གི་དམག་མིས་ཆགས་སྤྱོད་ཀྱི་བྲན་གཡོག་ལ་བེད་སྤྱད་པའི་ལྷོ་ཀོ་རི་ཡའི་བུད་མེད་རྣམས་ལ་དྲང་བདེན་ཡོང་ཆེད་ལས་འགུལ་སྤེལ་མཁན་ཞིག་ཡིན་འདུག གྲྭ་པ་དེའི་ཁ་ཆེམས་ཀྱི་ཡི་གེའི་ནང་། ལྕམ་པག་ནི་རྒྱལ་ཚོང་པ་ཞིག་ཡིན་སྐོར་བྲིས་ཡོད་འདུག
ཕྱི་ལོ་༢༠༡༥ ལོར་ལྷོ་ཀོ་རི་ཡའི་སྲིད་འཛིན་ལྕམ་པག་གིས་ཉི་ཧོང་དང་ཆགས་སྤྱོད་ཀྱི་བྲན་གཡོག་གི་གནད་དོན་ཐོག་གྲོས་མཐུན་ཞིག་བཞག་ཡོད་འདུག་པ་དང་། དེ་ཡང་ཉི་ཧོང་གིས་བུད་མེད་དེ་དག་གི་ཆེད་དུ་བཙུགས་པའི་ཐེབས་རྩ་ཞིག་ནང་གུན་གསབ་ཆེད་དངུལ་སྤྲོད་རྒྱུ་དང་། བྱ་སྤྱོད་དེར་དགོངས་སེལ་ཞུ་རྒྱུ་བཅས་ཐག་གཅོད་བྱུང་ཡོད་འདུག་ཀྱང་། སྐྱོན་བརྗོད་པ་མང་པོ་ཞིག་གིས་གྲོས་མཐུན་དེས་ཉི་ཧོང་ལ་བྱ་སྤྱོད་དེར་འགན་ཡོད་པ་ངོས་འཛིན་བྱེད་ཐུབ་ཀྱི་མེད་ཁར། གུན་གསབ་ཀྱི་དངུལ་དེས་གནོད་འཚེ་འཕོག་ཡུལ་གྱི་བུད་མེད་རྣམས་ལ་ཐད་ཀར་གུན་གསབ་ཐོབ་ཀྱི་མེད་སྐོར་བརྗོད་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།