ལྷོ་ཀོ་རི་ཡའི་ཕྱོགས་འགལ་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ཀྱི་སྐེ་ལ་མི་ཞིག་གིས་གྲི་བཙུགས་འདུག
ཟླ་འདིའི་ཚེས་༢ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ལྷོ་ཀོ་རི་ཡའི་ནང་ཕྱོགས་འགལ་ཆབ་སྲིད་ཚོགས་པའི་འགོ་ཁྲིད་གཅིག་གི་མཇིང་པ་ལ་གྲི་བཙུགས་ཡོད་པའི་གནས་ཚུལ་སྤེལ་འདུག

ཟླ་འདིའི་ཚེས་༢ ཀྱི་ཞོགས་པར་ལྷོ་ཀོ་རི་ཡའི་ཕྱོགས་འགལ་ཆབ་སྲིད་ཚོགས་པའི་དབུ་ཁྲིད་ལི་ཅེ་མེའུ་ཟེར་བ་དེ་བྷུ་སན་གྲོང་ཁེར་གྱི་གནམ་གྲུ་ཐང་གསར་པ་འཛུགས་སྐྲུན་བྱེད་ས་ལ་འཚམས་གཟིགས་ཕེབས་རྗེས། ས་གནས་ཀྱི་ཆུ་ཚོད་༡༠:༢༧ ཙམ་ལ་ཁོང་གིས་གསར་འགོད་པ་ཚོའི་དྲི་བ་ལ་ལན་འདེབས་བྱེད་བཞིན་པའི་སྐབས། མི་ཞིག་གིས་གློ་བུར་དུ་ཁོང་གི་མཇིང་པའི་གཡོན་ཕྱོགས་ལ་གྲི་བཙུགས་ཡོད་འདུག
བརྒྱུད་ལམ་ཁག་ཏུ་ཁྱབ་བཞིན་པའི་བརྙན་ལ་བལྟས་ན། གྲི་བཙུགས་མ་ཐག་ཁོང་ཉིད་ས་ལ་འགྱེལ་ཡོད་པ་དང་། སྐུ་སྲུང་བ་ཚོས་ལོ་ན་༥༠་ནས་༦༠ ཙམ་ཟིན་པའི་གྲི་འཛུགས་མཁན་དེ་ཡང་ཡུལ་དངོས་སུ་འཛིན་བཟུང་བྱས་ཡོད་ཀྱང་། གྲི་འཛུགས་དགོས་པའི་རྒྱུ་མཚན་གང་ཡིན་ད་དུང་ཤེས་རྟོགས་བྱུང་མེད་པ་རེད་འདུག
གནས་ཚུལ་དེ་ལྷག་པ་དང་ཁོང་ཉིད་ནད་པ་འདྲེན་འཁོར་ནང་ཁྱེར་ཏེ་བྷུ་སན་གཙུག་ལག་ཁང་གི་སྨན་ཁང་དུ་བསྐྱལ་ནས་ཛ་དྲག་གིས་སྨན་བཅོས་བྱས་པའི་རྗེས་ཐད་འཕུར་གནམ་གྲུ་བརྒྱུད་སོལ་(Seoul)་རྒྱལ་ཡོངས་གཙུག་ལག་ཁང་གི་སྨན་ཁང་དུ་ཁྲིད་ཕྱིན་ཡོད་འདུག ཉེན་རྟོག་པས་བརྗོད་གསལ་ལྟར་ན། ཁོང་ལ་ཚེ་སྲོག་གི་ཉེན་ཁ་འཕྲད་མེད་པ་རེད་འདུག
ལྷོ་ཀོ་རི་ཡའི་སྲིད་འཛིན་(Yoon Suk Seol) གྱིས་སྨན་བཅོས་ལེགས་ཤོས་དེ་བྱས་ནས་གང་མགྱོགས་དྲག་ཐབས་བྱེད་དགོས་པ་དང་བྱ་སྤྱོད་དེ་ནི་དང་ལེན་བྱེད་ཐབས་བྲལ་བ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་ཡོད་འདུག ལོ་འདིའི་ཕྱི་ཟླ་༤ པའི་ནང་ལྷོ་ཀོ་རི་ཡའི་གྲོས་ཚོགས་ཀྱི་འོས་འདེམས་དེ་མ་བསླེབས་སྔོན་གནས་ཚུལ་དེ་ལྷག་པ་ཞིག་ཆགས་ཀྱི་ཡོད་འདུག
ཕྱི་ལོ་༢༠༢༢ ལོ་ལྷོ་ཀོ་རེ་ཡའི་ལོ་རྒྱུས་ཁྲོད་སྲིད་འཛིན་འོས་འདེམས་ཀྱི་འགྲན་བསྡུར་རྣོ་ངར་ཆེ་ཤོས་དེ་བྱུང་ཡོད་པ་དང་། སྐབས་དེར་སྲིད་འཛིན་འོས་མི་གཉིས་ཀྱི་བར་འོས་གྲངས་བརྒྱ་ཆ་༠.༧༣༵༵% ཁྱད་པར་ཤོར་ནས་ཕྱོགས་འགལ་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ལི་ཅེ་མེའུ་ལ་ཕམ་ཉེས་བྱུང་ཡོད་རུང་། ཕྱི་ལོ་༢༠༢༧ ལོ་ཁོང་ཉིད་སླར་ཡང་སྲིད་འཛིན་ལང་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་འདུག ལྷོ་ཀོ་རི་ཡའི་ནང་མེ་མདའ་བཀག་སྡོམ་བྱས་ཡོད་ཀྱང་། གྲི་སོགས་མཚོན་ཆ་སྣ་ཚོགས་སྤྱད་ནས་དྲག་རྒོལ་བྱེད་མཁན་ཡང་ཡང་ཡོང་གི་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
Comments are closed.