ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་དྲག་པོའི་ཁྲིམས་གཞི་བསྡམས་པའི་རྐྱེན་གྱིས་ཕྱིར་འབུད་བཏང་འདུག

ཉེ་ཆར་ལྷོ་ཀོ་རི་ཡའི་ནང་དྲག་པོའི་ཁྲིམས་གཞི་བསྡམས་པའི་རྐྱེན་གྱིས་མི་མང་གིས་ངོ་རྒོལ་རྒྱ་ཆེར་བྱས་པ་དང་། ཕྱོགས་འགལ་ཚོགས་པས་ལྷོ་ཀོ་རི་ཡའི་སྲིད་འཛིན་གོ་གནས་ནས་ཕྱིར་འབུད་གཏོང་རྒྱུའི་རྩོད་ལེན་ཤུགས་ཆེན་བྱས་ཡོད་པ་བཞིན། ཁ་སང་ལྷོ་ཀོ་རི་ཡའི་གྲོས་ཚོགས་ཀྱིས་སྲིད་འཛིན་གོ་གནས་ནས་ཕྱིར་འབུད་བཏང་ཡོད་འདུག

ཕྱི་ཚེས་༡༦ ཉིན་རྒྱལ་སྤྱིའི་གསར་ཁང་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཚེས་༡༤ གཟའ་སྤེན་པ་ཉིན་ལྷོ་ཀོ་རི་ཡའི་གྲོས་ཚོགས་ཀྱིས་འོས་བསྡུའི་ལམ་ནས་སྲིད་འཛིན་ཕྱིར་འབུད་བཏང་ཡོད་འདུག་པ་དང་། དེ་ཡང་ཟླ་བ་འདིའི་ཚེས་༣ གྱི་མཚན་མོར་སྲིད་འཛིན་གྱིས་གློ་བུར་དུ་དྲག་པོའི་ཁྲིམས་གཞི་(MARTIAL LAW)ལག་བསྟར་བྱེད་རྒྱུའི་གསལ་བསྒྲགས་སྤེལ་ཡོད་འདུག་པ་དང་། སྲིད་འཛིན་གྱིས་ད་ཆར་བྱང་ཀོ་རི་ཡས་ཕྱི་ནས་འཇིགས་སྐུལ་བྱེད་བཞིན་ཡོད་པ་དང་། རྒྱལ་ནང་དུ་བྱང་ཀོ་རི་ཡ་དང་ངན་པ་ལག་འབྲེལ་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་ཉེན་ཁ་ཡོད་ཚུལ་བརྗོད་ནས་དྲག་པོའི་ཁྲིམས་གཞི་ལག་བསྟར་བྱེད་རྒྱུའི་གསལ་བསྒྲགས་བྱས་རྗེས། གྲོགས་ཚོགས་ཀྱི་འཐུས་མི་ཚོ་གྲོས་ཚོགས་ཀྱི་ནང་དུ་ཛ་དྲག་གིས་འཛོམས་ནས་དྲག་པོའི་ཁྲིམས་གཞི་ལག་བསྟར་བྱེད་མི་རུང་བའི་འོས་བསྡུ་བྱས་ཡོད་འདུག འོས་བསྡུ་བྱེད་དུས་དྲག་པོའི་ཁྲིམས་གཞི་ལག་བསྟར་བྱེད་རྒྱུའི་ཁྲིམས་འཆར་དེ་ཟག་ཡོད་འདུག་པ་དང་། སྐབས་དེར་མི་བརྒྱ་ཕྲག་མང་པོ་གྲོས་ཚོགས་ཀྱི་མདུན་དུ་འཛོམས་ནས་ངོ་རྒོལ་རྒྱ་ཆེར་བྱས་ཡོད་འདུག་ལ། སྲིད་འཛིན་གྱིས་འོས་བསྡུ་དེའི་གྲུབ་འབྲས་ངོས་ལེན་བྱས་ནས་དྲག་པོའི་ཁྲིམས་འཆར་ལག་བསྟར་བྱེད་འཆར་དེ་མཚམས་བཞག་ཡོད་འདུག འོན་ཀྱང་སྲིད་འཛིན་ལ་མི་མང་དང་ཕྱོགས་འགལ་སྲིད་དོན་ཚོགས་པ། སྲིད་འཛིན་ཁོ་རང་གི་སྲིད་དོན་ཚོགས་པ་ནང་ཁུལ་བཅས་ནས་སྲིད་འཛིན་གྱི་གོ་གནས་ནས་ཕྱིར་འབུད་གཏོང་དགོས་པའི་རེ་འདུན་འདོན་མཁན་མང་པོ་བྱུང་ཡོད་འདུག་པས། སྲིད་འཛིན་ལས་གནས་ནས་ཕྱིར་འབུད་གཏོང་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་བཞིན། ཟླ་བ་འདིའི་ཚེས་༡༤ ཉིན་ལྷོ་ཀོ་རི་ཡའི་གྲོས་ཚོགས་ནང་ཁྱོན་གྲོས་ཚོགས་འཐུས་མི་༣༠༠ ནས་འཐུས་མི་༢༠༤ ཡིས་སྲིད་འཛིན་ཕྱིར་འབུད་གཏོང་རྒྱུའི་རྒྱབ་སྐྱོར་བྱས་ཡོད་པའི་རྐྱེན་གྱིས། ལྷོ་ཀོ་རི་ཡའི་ལས་ཐོག་སྲིད་འཛིན་(Yoon Suk Yeol)ལས་གནས་ནས་འོས་བསྡུའི་ལམ་ནས་ཕྱིར་འབུད་བཏང་ཡོད་འདུག ཟླ་བ་འདིའི་ཕྱི་ཚེས་༧ ཉིན་ལས་ཐོག་སྲིད་འཛིན་ཕྱིར་འབུད་གཏོང་རྒྱུ་འོས་བསྡུ་ཐེངས་དང་པོ་དེ་བྱས་ཡོད་འདུག་ཀྱང་། སྐབས་དེ་དུས་གཞུང་འཛིན་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་མང་པོ་ཞིག་གིས་རྒྱབ་སྐྱོར་བྱས་ཡོད་མི་འདུག བསྐྱར་དུ་ཚེས་༡༤ ཉིན་འོས་བསྡུ་བྱེད་དུས་མཐར་སྲིད་འཛིན་རང་ཉིད་ཀྱི་སྲིད་དོན་ཚོགས་པའི་འཐུས་མི་མང་པོའི་རྒྱབ་སྐྱོར་ཐོབ་ནས་ཕྱིར་འབུད་བཏང་ཡོད་འདུག སྐབས་དེར་གཞུང་འཛིན་སྲིད་དོན་ཚོགས་པའི་འཐུས་མི་མང་པོ་ཞིག་གིས་རྒྱབ་སྐྱོར་བྱེད་དགོས་དོན་དྲིས་དུས། ད་ཆར་མི་མང་ཕོན་ཆེན་པོས་སྲིད་འཛིན་ཕྱིར་འབུད་དགོས་པའི་དགོས་འདུན་འདོན་གྱིས་ཡོད་པ་དང་། མི་མང་གིས་ངོ་རྒོལ་མཚམས་འཇོག་མ་བྱས་པའི་རྐྱེན་གྱིས་རྒྱབ་སྐྱོར་བྱས་པ་ཡིན་ཞེས་བརྗོད་ཡོད་འདུག མཐའ་མའི་ཐག་གཅོད་དེ་ལྷོ་ཀོ་རི་ཡའི་ཁྲིམས་ཁང་ནས་ཡིན་པ་བཞིན། ཁྲིམས་ཁང་ནས་སྲིད་འཛིན་ཕྱིར་འབུད་གཏོང་མིན་ཐག་གཅོད་བྱེད་ཆེད་ཉིན་གྲངས་༡༨༠ ཡོད་འདུག་པ་དང་། གལ་སྲིད་ཉིན་གྲངས་༡༨༠ ནང་ཁྲིམས་ཁང་ནས་སྲིད་འཛིན་ཕྱིར་འབུད་གཏོང་རྒྱུའི་ཐག་གཅོད་བྱས་ན། དེའི་རྗེས་ཉིན་གྲངས་༦༠ ནང་སྲིད་འཛིན་གསར་པ་ཞིག་གདམ་དགོས་ཀྱི་ཡོད་འདུག ད་ཆར་སྲིད་འཛིན་གསར་པ་ཞིག་བདམས་མ་ཚར་བར་ལྷོ་ཀོ་རི་ཡའི་སྲིད་བློན་(Han Duck-Soo)ཟེར་བ་དེ་བར་གནས་སྲིད་འཛིན་བྱེད་རྒྱུ་ཡིན་འདུག ཕྱོགས་འགལ་སྲིད་དོན་ཚོགས་པའི་འགོ་ཁྲིད་(Lee Jae-myung)ཡིས་བརྗོད་དོན་ལ། རྒྱལ་ཁབ་ནང་རྩོད་རྙོག་ཉུང་དུ་གཏོང་དགོས་ན། སྲིད་དོན་ཚོགས་པ་ཚོ་མཉམ་རུབ་ཐོག་ནས་ལས་དོན་སྒྲུབ་དགོས་པ་དང་། དེ་བཞིན་མཐའ་མའི་ཐབས་ལམ་གཅིག་པོ་དེ་ནི་ཕྱིར་འབུད་གཏོང་རྒྱུ་དེ་རེད། དེའི་རྗེས་སུ་རྩོད་རྙོག་དེ་འདྲ་མི་ཡོང་རྒྱུ་ཕན་ཐོགས་ཆེན་པོ་ཡོད་རེད་ཅེས་བརྗོད་འདུག ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་གཟའ་སྤེན་པའི་ཉིན་མཐའ་མའི་གཏམ་བཤད་གནང་ཡོད་འདུག་ཅིང་། གཏམ་བཤད་ནང་སྲིད་འཛིན་གྱིས་ངས་དྲག་པོའི་ཁྲིམས་གཞི་བསྡམས་པ་ནི་ཕྱོགས་འགལ་ཚོགས་པས་གཞུང་འཛིན་སྲིད་དོན་ཚོགས་པའི་ལས་དོན་མང་པོ་ཞིག་ལ་འགོག་རྐྱེན་བཟོས་པའི་རྐྱེན་གྱིས་ཁོང་ཚོ་ལ་ཉེན་བརྡ་བཏང་བ་ཡིན་པ་དང་། དེ་ནི་གཞུང་གིས་འཛིིན་སྐྱོང་བྱེད་སྟངས་ཤིག་ལས། ཁྲིམས་འགལ་གང་ཡང་མ་རེད། འོན་ཀྱང་། ངས་ནམ་ཡང་སེམས་ཤུགས་མ་ཆག་པའི་ཐོག་ནས་གནས་སྐབས་ལས་མཚམས་འཇོག་རྒྱུ་ཡིན་ལ། ངས་སྐྱོན་བརྗོད་ཡོད་ཚད་ཁུར་ནས་ང་ལ་རྒྱབ་སྐྱོར་དང་རོགས་རམ་གནང་མཁན་དང་རྒྱལ་ཁབ་འདིའི་ཆེད་དུ། མ་འོངས་པར་ཆེས་མཐའ་མའི་དུས་ཚིགས་བར་ལས་ཀ་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག ལྷོ་ཀོ་རི་ཡའི་གྲོས་ཚོགས་ཀྱིས་སྲིད་འཛིན་ཕྱིར་འབུད་གཏོང་རྒྱུའི་ཐག་གཅོད་བྱས་རྗེས་ཨ་རི་གཙོས་པའི་ཉི་ཧོང་དང་། རྒྱལ་ཁབ་མང་པོ་ཞིག་གིས་ཐག་གཅོད་དེ་ནི་མི་མང་གིས་དམངས་གཙོ་སྲུང་སྐྱོབ་བྱས་པ་ཞིག་དང་། དམངས་གཙོ་ལ་དགའ་ཞེན་ཡོད་པ། དམངས་གཙོ་དང་རྩ་ཁྲིམས་གཉིས་མི་མང་དང་ལྷན་དུ་བསྡད་པ་རེད་སོགས་ཀྱིས་བསྟོད་བསྔགས་བྱས་ཡོད་འདུག ལྷོ་ཀོ་རི་ཡའི་མི་མང་ཚོས་ལས་ཐོག་སྲིད་འཛིན་གྲོས་ཚོགས་ནས་ཕྱིར་འབུད་གཏོང་རྒྱུའི་ཐག་གཅོད་བྱུང་རྗེས་དགའ་བསུ་ཆེན་པོ་ཞུས་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།