ལྷོ་ཀོ་རི་ཡའི་སྲིད་འཛིན་གནས་དབྱུང་བཏང་བ་མ་ཟད་ཞིབ་བཤེར་བྱ་རྒྱུའི་ཆོག་མཆན་སྤྲད།
ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་ཉེ་ཆར་དྲག་པོའི་ཁྲིམས་གཞི་ལག་བསྟར་བྱེད་རྒྱུའི་གསལ་བསྒྲགས་བྱས་ཀྱང་། ཆུ་ཚོད་དྲུག་གི་རྗེས་སུ་གྲོས་ཚོགས་ཀྱིས་ཁྲིམས་གཞི་དེ་ལག་བསྟར་བྱེད་རྒྱུའི་ཆོག་མཆན་ཐོབ་ཐུབ་མེད། དེའི་རྗེས་སུ་སྲིད་འཛིན་གྲོས་ཚོགས་ཀྱིས་ཕྱིར་འཕུད་བཏང་ཡང་། ཁྲིམས་ཁང་གི་ཁྲིམས་དཔོན་གསུམ་གྱིས་མཐའ་མའི་ཐག་གཅོད་བྱེད་དགོས་ཀྱི་ཡོད་འདུག་པར་བརྟེན། ལྷོ་ཀོ་རི་ཡའི་ཁྲིམས་ཁང་གིས་སྲིད་འཛིན་གནས་དབྱུང་བཏང་བ་མ་ཟད། དེ་རིང་ཞིབ་བཤེར་བྱེད་རྒྱུའི་ཆོག་མཆན་སྤྲད་ཀྱང་ཡོད་འདུག
ཕྱི་ཚེས་༣༡ ཉིན་བྷི་བྷི་སིའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་ཟླ་བ་འདིའི་ཚེས་༣ ཉིན་ལྷོ་ཀོ་རི་ཡ་ནང་དྲག་པོའི་ཁྲིམས་གཞི་ལག་བསྟར་བྱེད་རྒྱུ་གསལ་བསྒྲགས་བྱས་ཡོད་ཀྱང་། ཆུ་ཚོད་༦ ཡི་རྗེས་སུ་གྲོས་ཚོགས་ནང་དྲག་པོའི་ཁྲིམས་གཞི་ལག་བསྟར་བྱེད་རྒྱུ་མང་པོས་ཐོབ་མེད་པའི་རྐྱེན་གྱིས་ཁྲིམས་དེ་ལག་བསྟར་ཐུབ་མེད། འོན་ཀྱང་། ཕྱིས་སུ་སྲིད་འཛིན་གནས་དབྱུང་གཏོང་རྒྱུ་གྲོས་ཚོགས་སུ་འོས་བསྡུ་བྱེད་དུས་མང་མོས་ཀྱིས་རྒྱབ་སྐྱོར་ཐོབ་ནས་སྲིད་འཛིན་གནས་དབྱུང་བཏང་ཡོད་ཀྱང་། མཐའ་མའི་ཐག་གཅོད་ནི་ཡུལ་དེའི་ཁྲིམས་ཁང་གིས་ཐག་གཅོད་དགོས་ཀྱི་ཡོད་འདུག དེ་རིང་ཡུལ་དེའི་ཁྲིམས་ཁང་གིས་ཐག་གཅོད་བྱས་ནས་སྲིད་འཛིན་གནས་དབྱུང་བཏང་ཡོད་པ་མ་ཟད། དྲག་པོའི་ཁྲིམས་གཞི་ལག་བསྟར་བྱས་ནས་གཞུང་མགོ་རྟིང་སློག་ཐབས་བྱས་ཡོད་མེད། དབང་ཆ་བེད་སྤྱོད་ལོག་པ་བྱས་ཡོད་མེད་སོགས་ཀྱི་ཞིབ་བཤེར་བྱེད་རྒྱུའི་ཆོག་མཆན་སྤྲད་ཡོད་འདུག
གཟའ་ཟླ་བའི་ཉིན་སྲིད་འཛིན་གྱི་ཁྲིམས་རྩོད་པ་ཚོས། སྲིད་འཛིན་ལ་གཞུང་གིས་ཞིབ་བཤེར་བྱེད་རྒྱུའི་ཐོབ་ཐང་མེད་ཚུལ་དང་། དྲག་པོའི་ཁྲིམས་གཞི་གསལ་བསྒྲགས་བྱས་པ་ནི་སྲིད་འཛིན་ལ་ཁྲིམས་ཐོག་ནས་ཆོག་མཆན་ཡོད་པ་ཞིག་ཡིན་པར་བརྗོད་ཡོད་འདུག ད་ཆར་ལྷོ་ཀོ་རི་ཡའི་སྲིད་འཛིན་ནང་དུ་ཡོད་ཀྱང་། ས་ཆ་གང་ལ་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་ཡོད་མི་འདུག་ལ། ཟླ་བ་འདིའི་ཚེས་༡༤ ཉིན་ནས་བཟུང་སྲིད་འཛིན་གྱི་ལས་ཀ་མཚམས་བཞག་ཡོད་འདུག འོན་ཀྱང་། ལྷོ་ཀོ་རི་ཡའི་ཕྱི་ཕྱོགས་སུ་འགྲོ་ཆོག་གི་ཡོད་མི་འདུག
ཕྱི་ལོ་༢༠༢༥ ཟླ་བ་༡ ཚེས་༦ ནང་ཚུད་དུ་སྲིད་འཛིན་ལ་ཞིབ་བཤེར་བྱེད་ཐུབ་པ་དགོས་ཀྱི་ཡོད་འདུག་ལ། གལ་སྲིད་ཞིབ་བཤེར་བྱས་རྗེས་གཞུང་མགོ་རྟིང་སློག་ཐབས་བྱས་ཡོད་པ་དང་། དབང་ཆ་བེད་སྤྱོད་ལོག་པ་བཏང་ཡོད་པ་ཤེས་རྟོགས་བྱུང་ཚེ་སྲིད་འཛིན་ལ་ཉེས་ཆད་ཚབས་ཆེན་པོ་ཕོག་རྒྱུའི་ཉེན་ཁ་ཆེན་པོ་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།