ལྷོ་ཀོ་རི་ཡའི་སྲིད་འཛིན་ཕྱིར་འཕུད་བཏང་རྗེས་འོས་བསྡུ་བསྐྱར་དུ་བྱེད་རྒྱུའི་ཐག་གཅོད་བྱུང་ཡོད་འདུག

ལོ་སྔོན་མའི་ནང་ལྷོ་ཀོ་རེ་ཡའི་སྲིད་འཛིན་གྱིས་ལྷོ་ཀོ་རེ་ཡའི་རྒྱལ་ཁབ་ལ་ཕྱི་ནས་ཉེན་ཁ་ཡོད་ཚུལ་བརྗོད་ནས་རྒྱལ་ནང་དུ་དྲག་པོའི་ཁྲིམས་གཞི་གསལ་བསྒྲགས་པའི་རྐྱེན་གྱིས་སྲིད་འཛིན་རང་ཉིད་གོ་གནས་ནས་གནས་སྐབས་རིང་གནས་དབྱུང་བཏང་ཡོད་ཅིང་། ཉེ་ཆར་ལྷོ་ཀོ་རེ་ཡའི་ཁྲིམས་ཁང་གིས་ཆེས་མཐའ་མའི་ཐག་གཅོད་བྱས་ཏེ་སྲིད་འཛིན་གོ་གནས་ནས་གཏན་དུ་གནས་དབྱུང་བཏང་ཡོད་འདུག་པར་བརྟེན། ཕྱི་ཟླ་༦ པའི་ནང་སྲིད་འཛིན་གྱི་འོས་བསྡུ་བསྐྱར་དུ་བྱེད་རྒྱུའི་གསལ་བསྒྲགས་བྱས་འདུག
ཕྱི་ཚེས་༨ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ལྷོ་ཀོ་རེ་ཡའི་སྲིད་འཛིན་ཟུར་པ་(Yoon Suk Yeol)ཡོན་སོག་ལོ་སྔོན་མའི་ཕྱི་ཟླ་༡༢ ནང་གོ་གནས་ནས་གནང་དབྱུང་བཏང་ཡོད་ཅིང་། རྒྱུ་མཚན་ནི་ཁོང་གིས་ལྷོ་ཀོ་རེ་ཡའི་རྒྱལ་ཁབ་ལ་བྱང་ཀོ་རེ་ཡའི་དམག་རྒྱག་རྒྱུའི་ཉེན་ཁ་ཆེན་པོ་ཡོད་ཚུལ་བརྗོད་ནས་དྲག་པོའི་ཁྲིམས་གཞི་གསལ་བསྒྲགས་བྱས། དེ་རྗེས་ལྷོ་ཀོ་རེ་ཡའི་གྲོས་ཚོགས་འཐུས་མི་ཚོས་ཛ་དྲག་ཐོག་ཚོགས་འདུ་འཚོགས་ནས་དྲག་པོའི་ཁྲིམས་གཞི་དེ་ཁྲིམས་མཐུན་མིན་པ་བཟོས་ཡོད་ཅིང་། སྲིད་འཛིན་གྱི་གོ་གནས་ནས་གནས་སྐབས་རིང་ཕྱིར་འཕུད་བཏང་ཡོད་འདུག ཟླ་འདིའི་ཚེས་༤ ཉིན་ལྷོ་ཀོ་རེ་ཡའི་སྲིད་འཛིན་ཟུར་པ་(Yoon Suk Yeol)གོ་གནས་ནས་གཏན་དུ་ཕྱིར་འཕུད་བཏང་འདུག འོན་ཀྱང་། སྲིད་འཛིན་ཟུར་པ་ཁོང་ལ་ཉེས་ཆད་ག་རེད་ཕོག་མིན་ད་དུང་ཁ་གསལ་གང་ཡང་མི་འདུག ལྷོ་ཀོ་རེ་ཡའི་རྩ་ཁྲིམས་གཞིར་བཟུང་བྱས་ན་སྲིད་འཛིན་ཞིག་གོ་གནས་ནས་ཕྱིར་འཕུད་བཏང་ཚེ་འབྱུང་འགྱུར་ཟླ་བ་༦ ནང་ཚུད་དུ་འོས་བསྡུ་བསྐྱར་དུ་བྱས་ནས་སྲིད་འཛིན་གསར་པ་ཞིག་བསྐོ་གཞག་བྱེད་ཐུབ་དགོས་ཀྱི་ཡོད་འདུག་པར་བརྟེན། སྲིད་འཛིན་གྱི་འོས་བསྡུ་དེ་འདི་ལོའི་ཕྱི་ཟླ་༦ ཚེས་༣ ཉིན་ཡིན་པ་དེ་རིང་གསལ་བསྒྲགས་བྱས་ཡོད་འདུག སྲིད་འཛིན་གྱི་འོས་བསྡུའི་ཆེད་དུ་འོས་མི་འགའ་ཤས་ཡོད་འདུག་པ་དང་། དཔེར་ན། ལས་ཐོག་ངལ་རྩོལ་བློན་ཆེན་(Kim Moon-soo)་ཀེམ་མོན་སུས་ཟེར་བ་ཁོང་གིས་སྲིད་འཛིན་གྱི་འོས་མི་ལང་ཆེད་དུ་ལས་གནས་ནས་དགོངས་པ་ཞུས་ཟིན་ཡོད་འདུག་པ་དང་། གཞན་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་(Lee Jae-myung)ལིས་ཇེའེ་ཟེར་བ་ཁོང་ཡང་སྲིད་འཛིན་གྱི་འོས་མི་ལང་རྒྱུ་ཡིན་འདུག
ལྷོ་ཀོ་རེ་ཡའི་ནང་ད་ཆར་ཆབ་སྲིད་ཀྱི་རྩོད་རྙོག་གིས་རྐྱེན་པས་མི་མང་ཁྲོད་ཤོག་ཁག་མང་པོ་ཆགས་ཡོད་འདུག་ཅིང་། སྲིད་འཛིན་ཟུར་པ་ལ་རྒྱབ་སྐྱོར་བྱེད་མཁན་དང་། ངོ་རྒོལ་བྱེད་མཁན་བར་གདོང་ཐུག་ཤོར་ནས་དཀའ་ངལ་ཆེན་པོ་ཆགས་ཡོད་འདུག དེ་རིང་གཟའ་མིག་དམར་ཉིན་ད་ལྟའི་སྲིད་འཛིན་ལས་ཚབ་(Han Duck-soo)ཡིས་ལྷོ་ཀོ་རེ་ཡའི་ནང་གང་མགྱོགས་འོས་བསྡུ་བྱས་ནས་མི་མང་ཁྲོད་རྩོད་རྙོག་མེད་པ་ཞིག་ཡོང་ཐབས་བྱེད་དགོས་པ་དང་། དམིགས་བསལ་དཔལ་འབྱོར་ཐད་ད་ཆར་ཨ་རིའི་གཞུང་གིས་ལྷོ་ཀོ་རེ་ཡ་ལ་ཡང་སྒོ་ཁྲལ་བཀལ་ཡོད་པར་བརྟེན། མ་འོངས་པར་དཔལ་འབྱོར་ལ་ཡང་དཀའ་ངལ་ཆེན་པོ་འཕྲད་སྲིད་པའི་ཚོད་དཔག་བྱས་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།