ལྷོ་བྱང་ཀོ་རི་ཡ་གཉིས་བར་དམག་འཁྲུག་མི་རྒྱག་རྒྱུའི་གྲོས་མཐུན།

ལྷོ་བྱང་ཀོ་རི་ཡའི་འགོ་ཁྲིད་གཉིས་ཐུག་འཕྲད་ཀྱིས་གྲོས་མོལ་བྱས་རྗེས། ཀོ་རི་ཡའི་མཚོ་གླིང་ཁུལ་དུ་དམག་འཁྲུག་མི་རྒྱག་པ་དང་། ཀོ་རི་ཡའི་མཚོ་གླིང་དུ་རྡུལ་མཚོན་མེད་པ་བཟོ་རྒྱུའི་ཟུང་སྦྲེལ་གྱི་བསྒྲགས་གཏམ་སྤེལ་ཡོད་པ་རེད་འདུག

ཟླ་༤ པའི་ཚེས་༢༧ ཉིན་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་དང་སྐུ་ཚབ་ཚོགས་པ་ཞིག ལྷོ་བྱང་ཀོ་རི་ཡའི་ས་མཚམས་ལ་འཁེལ་བའི་ལྷོ་རི་ཀའི་གྲོང་གསེབ་གཅིག་ཏུ་སླེབས་ཡོད་པ་དང་། དེ་རྗེས་བྱང་ཀོ་རི་ཡའི་འགོ་ཁྲིད་དང་ལྷོ་ཀོ་རི་ཡའི་སྲིད་འཛིན་མཱོན་ཇེ་དབྱེན་གཉིས་ཐུག་འཕྲད་བྱས་ཡོད་པ་རེད། ཐུག་འཕྲད་དེ་ཡང་བྱང་ཀོ་རི་ཡའི་འགོ་ཁྲིད་ཅིག་ལྷོ་ཀོ་རི་ཡའི་ས་ཐོག་ཏུ་ཡོང་བ་ཐོག་མ་དེ་ཆགས་ཀྱི་ཡོད་འདུག

ཕྱོགས་གཉིས་ཀྱི་འགོ་ཁྲིད་བར་གྲོས་མོལ་གྲུབ་རྗེས་སུ་ཟུང་སྦྲེལ་གྱི་བསྒྲགས་གཏམ་ཞིག་སྤེལ་ནས་དེའི་ཐོག་མིང་རྟགས་བཀོད་ཡོད་པ་དང་། དེའི་ནང་ལྷོ་བྱང་ཀོ་རི་ཡ་གཉིས་བར་དམག་འཁྲུག་ནམ་ཡང་རྒྱག་རྒྱུ་མིན་པ་དང་། ཀོ་རི་ཡའི་མཚོ་གླིང་དུ་རྡུལ་མཚོན་ཆ་ཚང་མེད་པ་བཟོ་རྒྱུ། གྲོས་མོལ་ནང་ཨ་རི་དང་རྒྱ་ནག་མཉམ་ཞུགས་ཡོང་ཐབས་བྱ་རྒྱུ། ཕྱོགས་གཉིས་ནང་མཚོན་ཆ་མཁོ་སྒྲུབ་ཉུང་དུ་གཏོང་རྒྱུ། ཀོ་རི་ཡའི་དམག་འཁྲུག་རྐྱེན་གྱིས་ཁ་བྲལ་བའི་ནང་མི་མཉམ་འཛོམས་ཡོང་བའི་ལས་གཞི་སྤེལ་རྒྱུ་བཅས་ཡིན་འདུག

ད་ལྟའི་ཆར་ཀོ་རི་ཡའི་མཚོ་གླིང་ཁུལ་དུ་རྡུལ་མཚོན་ཆ་ཚང་མེད་པ་བཟོ་རྒྱུའི་བརྒྱུད་རིམ་ཐད། གནས་ཚུལ་ཞིབ་ཕྲ་གང་ཡང་ཕྱིར་བསྒྲགས་བྱས་མེད་འདུག

ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་ཐུག་འཕྲད་དེ་བརྒྱུད་ནས་ཀོ་རི་ཡའི་མཚོ་གླིང་ཁུལ་དུ་ཞི་བདེའི་དུས་སྐབས་གསར་པ་ཞིག་འགོ་བཙུགས་པ་ཡིན་སྐོར་བསྒྲགས་འདུག་པ་དང་། བྱང་ཀོ་རི་ཡའི་འགོ་ཁྲིད་ཀྱིས་ལྷོ་བྱང་ཀོ་རི་ཡའི་མི་མང་གཉིས་མཐུན་སྒྲིལ་ངང་གནས་དགོས་པ་དང་། མི་མང་རྣམས་དམག་འཁྲུག་གི་འཇིགས་སྣང་མེད་པར་ཞི་བདེ་ངང་གནས་རྒྱུ་ཡོང་བར་རེ་བ་ལྷད་མེད་བྱེད་ཀྱི་ཡོད་སྐོར་བསྒྲགས་ཡོད་འདུག

དཔྱད་བརྗོད་པ་མང་པོ་ཞིག་གིས་ད་ལྟའི་ཆར་བྱང་ཀོ་རི་ཡའི་འགོ་ཁྲིད་ཀྱིས། ཀོ་རི་ཡའི་མཚོ་གླིང་ཁུལ་དུ་རྡུལ་མཚོན་མེད་པ་བཟོ་རྒྱུའི་སྐོར་དེ་ལག་ལེན་དུ་བསྟར་བར། བརྒྱུད་རིམ་མང་པོ་འགྲོ་རྒྱུ་ལྷག་བསྡད་ཡོད་པ་དང་། འབྱུང་འགྱུར་ཨ་རིའི་སྲིད་འཛིན་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་གཉིས་བར་གྱི་ཐུག་འཕྲད་དེས། གནད་དོན་དེར་ཤུགས་རྐྱེན་ཆེན་པོ་སྤྲོད་ཐུབ་རྒྱུ་ཡིན་སྐོར་བརྗོད་བཞིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།