ལྷོ་བྱང་ཀོ་རི་ཡ་དང་བོད་དོན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༩༨  ཕྱི་ལོ་ ༢༠༡༨/༥ /༩

ཉེ་ཆར་རྒྱ་གར་གྱི་བརྒྱུད་ལམ་ཁག་ཅིག་ཏུ་ལྷོ་ཀོ་རི་ཡ་དང་། བྱང་ཀོ་རི་ཡ་གཉིས་ཀྱི་འབྲེལ་བ་བཟང་དུ་འགྲོ་བཞིན་ཡོད་པ་དང་། དེའི་རྒྱབ་ཏུ་རྒྱ་གཞུང་གི་ཤུགས་རྐྱེན་ཡོད་པ་མ་ཟད། མི་འགྱང་པར་ཨ་རི་དང་བྱང་ཀོ་རི་ཡའི་དཔོན་རིགས་ཐུག་འཕྲད་སྐབས་ཀྱང་རྒྱ་གཞུང་གི་ཤུགས་རྐྱེན་སླེབས་ཐུབ་པ་བྱས་ནས་ཨ་རི་དགའ་རུ་འཇུག་རྒྱུ་ཡིན་པ། རྒྱལ་དབང་ཀརྨ་པ་བོད་ལ་ཕྱིར་ལོག་གནང་སྲིད་པ་དང་། ༧གོང་ས་མཆོག་ཀྱང་བོད་ལ་ཕྱིར་ལོག་གནང་སྲིད་ཚུལ། དེ་དག་ཐམས་ཅད་ཞི་ཅིན་ཕིན་གྱིས་ཁོ་རང་མའོ་ལས་ཀྱང་དབང་ཤུགས་དང་བྱས་རྗེས་ཆེ་རུ་གཏོང་ཆེད་ཡིན་ཚུལ་བཅས་མཉམ་དུ་བསྲེས་ནས་བརྗོད་འདུག དོན་དངོས་ཐོག་ཞི་ཅིན་ཕིན་ལ་བསམ་བློ་དེ་ལྟ་བུ་ཞིག་ཡོད་མི་སྲིད་ཅེས་ཐག་བཅད་ནས་བཤད་དཀའ་ནའང་། འདས་པའི་ལོ་ལྔའི་རིང་ཞི་ཅིན་ཕིན་གྱིས་ལས་དོན་བྱེད་སྟངས་དང་། བོད་ནང་དུ་དམ་དྲག་དང་མནར་གཅོད་སྔར་ལྷག་གཏོང་བཞིན་པའི་གནས་སྟངས། ༧གོང་ས་མཆོག་ལ་འཛིན་པའི་སྲིད་བྱུས་སོགས་སྤྱི་ཡོངས་ཀྱི་གནས་སྟངས་ཐོག་ནས་བལྟས་ན། ཁོ་ལ་དེ་ལྟ་བུའི་བསམ་བློ་དང་རེ་བ་གང་ཡང་མངོན་མེད།

ད་དུང་གསར་ལམ་དེར་ད་ལྟ་རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་གནང་སྟངས་ལ་བརྟེན་ནས་ཡིན་ཚུལ་ལྟ་བུ་ཡང་བརྗོད་འདུག རྒྱ་གར་གྱི་གསར་ལམ་ཁག་མང་པོ་ཞིག་སྲིད་དོན་ཚོགས་པ་ཁག་དང་འབྲེལ་བ་ཆེ་ཆུང་གི་ཁྱད་པར་ཡོད་པས། བརྒྱུད་ལམ་འདི་ཡང་ད་ལྟའི་གཞུང་འཛིན་ཚོགས་པ་ལ་དེ་ཙམ་འདོད་མོས་མེད་པ་གསར་འགྱུར་དེའི་མགོ་མཇུག་བར་གསུམ་གང་ས་ནས་མངོན་འདུག དོན་དུ་རྒྱ་གར་གཞུང་འཛིན་ཚོགས་པ་སུ་ཡིན་ཡང་། ཕྱིའི་རྣམ་པ་ཙམ་ལས་དོན་དུ་བོད་དོན་རྒྱབ་སྐྱོར་དང་བོད་པ་ལ་ཤ་ཚ་མུ་མཐུད་གནང་དང་གནང་མུས་རེད། དེ་ཡང་རྒྱ་གར་གཞུང་གིས་བོད་ལ་རྒྱབ་སྐྱོར་དང་མཐུན་འགྱུར་དེ་ནི་ཕྱིའི་རྣམ་པ་ཙམ་མ་ཡིན་པར་གཙོ་བོ་ནང་གི་དོན་སྙིང་ལ་དམིགས་པ་ཞིག་རེད། གནའ་ནས་ད་བར་བོད་པ་དང་བོད་དོན་རྒྱབ་སྐྱོར་གནང་མཁན་འཛམ་གླིང་ཤར་ནུབ་ནས་རྒྱབ་ཁབ་མང་པོ་བྱུང་མྱོང་ཡང་། ད་བར་རྒྱ་གར་གཞུང་ལས་ལྷག་པར་རྒྱབ་སྐྱོར་ཤུགས་ཆེ་ཤོས་གནང་མཁན་ཞིག་གཏན་ནས་བྱུང་མྱོང་མེད་ལ། ད་ལྟ་སྲིད་བློན་མོ་དྷིའི་སྲིད་གཞུང་ནས་ཀྱང་བོད་ལ་ནང་དོན་རྒྱབ་སྐྱོར་སྔར་ལྷག་གནང་བཞིན་ཡོད་པ་རེད།

འཛམ་གླིང་སྤྱི་ཡོངས་ཀྱི་གནས་སྟངས་ཐོག་ནས་བལྟས་ན་བཙན་བྱོལ་བོད་གཞུང་ངམ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་ངོས་ནས་“གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་གི་ལམ་ལུགས་རྒྱུན་འཁྱོངས་”བཅས་རྒྱུན་འཁྱོངས་གསུམ་ཡིག་ཐོག་ནས་ཁས་ལེན་གནང་ཟིན་པས། ད་ལྟའི་ཆར་ཞི་ཅིན་ཕིན་གྱི་ངོས་ནས་ཀྱང་བོད་དོན་ཐག་གཅོད་བྱ་རྒྱུའི་བསམ་བློ་ཞིག་གཏོང་ཆོག་པ་དང་གཏོང་དགོས་པ་ལྟ་བུ་ཞིག་རེད་དེ། དོན་དུ་རྒྱ་ནག་ནི་མི་རིགས་ཆེན་པོའི་འདུ་ཤེས་མཁྲེགས་འཛིན་བྱེད་མཁན་ཞིག་ཡིན་སྟབས། ཁོ་རང་ཚོ་ལ་ཚུར་རག་དགོས་པ་ཆུང་ངུ་ཞིག་ཡིན་ཡང་རག་ཐབས་གང་ཡོད་བྱེད་པ་ལས། ཕར་ཅུང་ཙམ་ཡང་གློད་མི་སྲིད་པ་སྔ་ཕྱི་བར་གསུམ་གྱི་བྱེད་སྟངས་ཐོག་ནས་གསལ་པོ་ཤེས་ཐུབ་པ་ཞིག་རེད། རྒྱ་གཞུང་གིས་བོད་དེ་ལོ་རྒྱུས་ཐོག་ནས་རྒྱ་ནག་གི་ཆ་ཤས་ཡིན་པ་དང་། ཐའེ་ཝན་ཡང་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་དགོས་ཚུལ་བརྗོད་བཞིན་ཡོད་པའི་ཆ་རྐྱེན་དེ་ཡང་ད་བར་གཏན་ནས་གློད་མ་མྱོང་བ་ཞིག་རེད།

བོད་པའི་ངོས་ནས་དགོས་མཁོའི་ཆ་རྐྱེན་མང་པོ་ཞིག་རིམ་བཞིན་ཉུང་དུ་བཏང་བ་དང་། རྒྱ་གཞུང་གི་དགོས་མཁོ་མང་པོ་ཞིག་ཀྱང་སྒྲུབ་གང་ཐུབ་གནང་ཡོད་ཀྱང་། དེ་དག་ཚང་མ་དུས་སྐབས་དེ་དང་དེར་འབེན་ལ་ཕོག་པའི་མདའ་མོ་ཞིག་ཏུ་གྱུར་ཡོད་མེད་བཤད་དཀའ། རྒྱ་གཞུང་གིས་བཏོན་པའི་ཆ་རྐྱེན་དེ་དག་གི་ཐོག་ལ་རིམ་བཞིན་ཁ་སྣོན་བརྒྱབ་པ་ལས། ཉུང་དུ་གཏན་ནས་བཏང་མེད་པ་འདིའི་ཐོག་ནས་མ་འོངས་པར་བོད་རྒྱ་གྲོས་མོལ་གྱི་ལམ་ཁ་ཞིག་ཏུ་སླེབས་སྲིད་པའི་དབང་དུ་བཏང་ཡང་། ང་ཚོ་ལ་གྲོས་མོལ་གྱི་ཐོག་ནས་མར་འབབ་ས་འདྲ་ཞིག་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་བ་ཞེས་པ་དེ་གཅིག་པུ་ཙམ་ཡིན་ན་མ་གཏོགས་གཞན་གང་ཡང་ལྷག་མེད་སྟབས། རྒྱལ་སྤྱིའི་ནང་དུ་གྲོས་མོལ་བྱེད་མཁན་དག་གི་འགྲོ་སྟངས་ཐོག་ནས་བལྟས་ན་མཐར་ཐུག་ང་ཚོ་བོད་པ་ལ་གྱོང་རག་རྒྱུ་ཉག་གཅིག་ལས་མེད། དེར་བརྟེན་འདས་པའི་དུས་སུ་བོད་རྒྱའི་འབྲེལ་བའི་ནང་བོད་ཕྱོགས་ནས་རེ་བ་ཆེན་པོ་མེད་ཀྱང་དགོས་འདུན་ཉུང་དུ་གཏོང་རྒྱུ་མང་དྲགས་པ་དང་། ཁེ་ཕན་མེད་ཀྱང་ཆ་རྐྱེན་ཁས་ལེན་བྱེད་རྒྱུ་མང་སོང་བས་རིམ་བཞིན་སླ་ནས་སླ་རུ་སོང་བ་རེད།

བོད་ཀྱི་ལོ་རྒྱུས་ཀྱི་གནས་སྟངས་བཟོ་བཅོས་གནང་ཐབས་མེད་པའི་སྐོར་༧གོང་ས་མཆོག་གིས་སྔ་རྗེས་མང་པོ་གསུངས་མྱོང་ཡོད་ཀྱང་། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གོ་གནས་དང་དབང་ཤུགས་ཡོད་མཁན་གྱི་མི་སྣ་ཁག་ཅིག་དང་། ནུས་ཤུགས་གང་ཡང་མེད་ཀྱང་གནད་དོན་གང་སར་ཟུག་དགོས་པའི་ཁྱི་ཕྲུག་ཁག་ཅིག་གིས་ལོ་རྒྱུས་ཀྱི་གནས་བབས་ཐོག་ནས་བོད་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་སྒྲུབ་གང་ཐུབ་བྱེད་བཞིན་ཡོད། གང་ལྟར་རྒྱ་གཞུང་གིས་མི་སྒེར་སོ་སོ་ལ་ལེགས་སོའི་བསྔགས་བརྗོད་དང་གཟིགས་རྟོགས་ཡོད་མེད་མི་ཤེས་ནའང་། བོད་རྒྱའི་གནད་དོན་ཐག་གཅོད་ཡོང་བར་ཕན་ལས་གནོད་དུ་འགྱུར་བཞིན་པ་ནི་སྨྲོས་མི་དགོས་པ་རེད། མདོར་ན་“བོད་རང་བཙན་དེ་རྒྱ་གར་གྱི་བདེ་འཇགས་ཡིན་”ཞེས་པའི་འབོད་ཚིག་དེ་ལ་རིན་ཐང་གང་ཡང་མེད་པར་གྱུར་ཟིན་པས། རྒྱ་གར་མི་མང་གི་ནང་གོང་དུ་བརྗོད་པའི་བསམ་ཚུལ་དེ་དག་ཡོད་སྲིད་པ་ཞིག་དང་། རྒྱ་གར་གཞུང་གི་དཔོན་རིགས་རྣམས་ཀྱི་བསམ་བློའི་ནང་དུའང་དགོངས་ཚུལ་དེ་ལྟ་བུ་སླེབས་མི་སྲིད་པ་ཞིག་གཏན་ནས་མ་རེད་སྙམ།།