ལྷོ་ཤར་ཨེ་ཤི་ཡའི་ལྷན་ཚོགས་ཐོག་རྒྱ་ནག་ལ་ཁ་གཏད་གཅོག་མཁན་མེད་པ།

ཟླ་འདིའི་ཚེས་༦ ནས་༨ བར་ཨེ་ཤི་ཡའི་རྒྱལ་ཁབ་ལའོ་སེ་ནང་དུ་ལྷོ་ཤར་ཨེ་ཤི་ཡིའི་རྒྱལ་ཁབ་༡༠ ཡི་ལྷན་ཚོགས་འཚོགས་ཡོད་པ་དང་། ཉིན་གསུམ་རིང་གནད་དོན་གཙོ་བོ་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་གི་རྩོད་གཞི་གླེང་ཡོད་འདུག

14302445_1251733074850559_1897772798_nལྷན་ཚོགས་དེར་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་༡༠ དང་ལྷན་དུ་ཨ་རི་དང་རྒྱ་ནག་གཙོས་པའི་གཞན་རྒྱ་གར། ཨུ་རུ་སུ། ཉི་ཧོང་། ལྷོ་ཀོ་རི་ཡ། ཨོ་སི་ཀྲུ་ལི་ཡ། ནིའུ་ཛི་ལེན་ཊེ་བཅས་ཚོགས་ཞུགས་བྱས་ཡོད་འདུག སྐབས་དེར་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས། ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་ཞི་བདེ་ལྷིང་འཇགས་དང་བདེ་འཇགས། མཚོ་འགྲུལ་གྱི་རང་དབང་། མཚོ་ཐོག་གནམ་འཕུར་གྱི་རང་དབང་སོགས་རྒྱུན་སྐྱོང་བྱེད་རྒྱུ་གལ་ཆེན་ཡིན་སྐོར་བསྐྱར་བསྒྲགས་བྱས་ཡོད་འདུག

འོན་ཀྱང་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གིས་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་གཞི་དེ་ཕྱི་མིའི་ཐེ་བྱུས་མེད་པར། གནད་དོན་དེ་སེལ་འདོད་ཡོད་སྐོར་བརྗོད་འདུག་པ་དང་། དེ་ཡང་ཨ་རི་སོགས་ཀྱིས་རྩོད་གཞི་དེའི་ཐད་ཐེ་བྱུས་བྱེད་ཀྱི་ཡོད་པས་རེད་འདུག

དེ་བཞིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པས་ཨ་རི་དང་ཉི་ཧོང་གིས། རྒྱལ་སྤྱིའི་བར་འདུམ་ཁྲིམས་ཞིབ་ཁང་གིས་བཅད་ཁྲའི་སྐོར་ལྷན་ཚོགས་ནང་གླེང་ནས། རྒྱ་ནག་དང་ལྷོ་ཤར་ཨེ་ཤི་ཡའི་བར་ལ་མི་མཐུན་པ་བཟོ་ཆེད་བརྒྱུད་སྐུལ་བྱས་པའི་སྐྱོན་བརྗོད་བྱས་འདུག

ལྷན་ཚོགས་ཀྱི་བསྒྲགས་གཏམ་ཞིག་སྤེལ་འདུག་པ་དང་། དེའི་ནང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་༡༠ ཡི་འགོ་ཁྲིད་མང་པོ་ཞིག ལྷོ་རྒྱ་ནག་རྒྱ་མཚོའི་གནས་ཚུལ་དང་འབྲེལ་ནས་སེམས་འཚབ་ཆེན་པོ་ཡོད་སྐོར་འཁོད་ཡོད་པ་ལས། རྒྱལ་སྤྱིའི་བར་འདུམ་ཁྲིམས་ཞིབ་ཁང་གིས་རྒྱ་ནག་གི་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རྩོད་གཞི་དེར་ལོ་རྒྱུས་ཐོག་ནས་བདེན་པ་མིན་པའི་བཅད་ཁྲ་བཏང་བའི་གནས་ཚུལ་སྐོར་གང་ཡང་འཁོད་མེད་པ་རེད།

ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་ཐོག་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཝེ་ཏི་ནམ་དང་། རྒྱ་ནག ཧྥི་ལི་པིན་སོགས་ཀྱིས་རྩོད་ལེན་བྱེད་ཀྱི་ཡོད་པ་དང་། དེ་བཞིན་རྒྱ་མཚོ་དེར་གླིང་ཕྲན་གཉིས་ཡོད་པས། དེ་གཉིས་ཐོག་ལ་ཡང་ལོ་རྒྱུས་བཤད་སྟངས་ཐོག་བདག་དབང་ལ་རྩོད་རྙོག་ཡོང་གི་ཡོད་པ་རེད།
ཕྱི་ལོ་༢༠༡༣ ནས་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་གཏིང་ནས་རྡོ་དང་བྱེ་མ་སོགས་ཕྱིར་འདོན་གྱི་ལས་གཞི་བརྩམས་ཏེ། གླིང་ཕྲན་ཞིག་བཟོ་འགོ་ཚུགས་པ་ཡོད་པ་དང་། ཨ་རིས་གླིང་ཕྲན་དེ་དམག་འཐབ་ཀྱི་རྟེན་གཞི་ཡིན་པར་དོགས་པ་བྱེད་ཀྱི་ཡོད་ཀྱང། རྒྱ་ནག་ནས་དོགས་པ་དེར་ངོས་ལེན་བྱེད་ཀྱི་མེད་པ་རེད།
ད་བར་རྒྱལ་སྤྱིའི་འགྲོ་བ་མའི་ཐོབ་ཐང་གི་ལྷན་ཚོགས་དང་ཁྲིམས་ཞིབ་ཁང་། དེ་བཞིན་བར་འདུམ་ཁྲིམས་ཞིབ་ལྷན་ཁང་ལྟ་བུས། རྒྱ་ནག་ལ་ཁ་གཏད་པའི་བཅད་ཁྲ་དང་སྙན་ཐོ་མང་པོ་བཏོན་ཡོད་ཀྱང་། རྒྱ་ནག་གི་དཔལ་འབྱོར་དང་དམག་གི་སྟོབས་ཤུགས་རྐྱེན་པས། དེ་དག་གིས་རྒྱ་ནག་ལ་གནོན་ཤུགས་གང་ཡང་སྤྲོད་ཐུབ་ཀྱི་མེད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།