ལྷོ་སོག་པོའི་སྐད་ཡིག་རྩ་མེད་བཟོ་བའི་རྒྱ་ནག་གི་སྲིད་བྱུས་ལ་ངོ་རྒོལ།
པེ་ཅིང་སྲིད་གཞུང་གིས་ལྷོ་སོག་པོའི་སློབ་གྲྭ་ཁག་གི་སློབ་དེབ་དང་སློབ་ཚན་རྣམས་སོག་ཡིག་གི་ཚབ་ཏུ་རྒྱ་ཡིག་ནང་སློབ་ཁྲིད་བྱེད་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་སོག་པོའི་མི་མང་གིས་ངོ་རྒོལ་ཤུགས་ཆེན་བྱས་འདུག
ཕྱི་ཟླ་ ༩ ཚེས་ ༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཡོད་པའི་ལྷོ་སོག་ཏུ་མི་མང་སྟོང་ཕྲག་མང་པོས་པེ་ཅིང་སྲིད་གཞུང་གི་སོག་ཡིག་རྩ་མེད་གཏོང་བའི་སྲིད་བྱུས་ལ་ངོ་རྒོལ་བྱས་འདུག
རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༦ པའི་ནང་ལྷོ་སོག་པའི་སློབ་གྲྭ་ཁག་གི་སློབ་ཚན་རྣམས་སོག་ཡིག་གི་ཚབ་ཏུ་རྒྱ་ཡིག་ནང་སློབ་ཁྲིད་བྱེད་པའི་སྲིད་བྱུས་ཤིག་བཏོན་པ་ལྟར། དེ་རིང་སྲིད་བྱུས་དེ་དངོས་སུ་ལག་བསྟར་བྱེད་པའི་ཉིན་དང་པོ་ཆགས་ཡོད་འདུག
སྲིད་བྱུས་གསར་པ་དེའི་འོག ཀོ་རི་ཡའི་སྐད་ཡིག་དང་སོག་ཡིག་གི་སློབ་ཚན་གཉིས་མ་གཏོགས་སློབ་ཚན་གཞན་ཐམས་ཅད་རྒྱ་ཡིག་གིས་སློབ་ཁྲིད་བྱེད་རྒྱུའི་གཏན་འབེབས་བྱས་འདུག་པ་དང་། སྲིད་གཞུང་ངོས་ནས་དེའི་རྒྱུ་མཚན་ནི་སློབ་དེབ་དང་། སློབ་ཚན་རྣམས་ཀྱི་སྤུས་ཚད་མཐོ་རུ་གཏོང་ཆེད་ཡིན་པའི་འགྲེལ་བརྗོད་བྱས་འདུག
ཡིན་ན་ཡང་། ལྷོ་སོག་པོའི་མི་མང་གིས་དེ་ནི་སོག་པོའི་སྐད་ཡིག་རྩ་མེད་བཟོས་ཏེ་སོག་པོའི་མི་རིགས་རྒྱའི་སྐད་ཡིག་དང་རིག་གཞུང་ནང་ཐིམ་དུ་འཇུག་པའི་སྲིད་བྱུས་གདུག་རྩུབ་ཅན་ཞིག་ཡིན་པའི་འཇིགས་སྣང་བྱེད་ཀྱིིན་ཡོད་པས། ཁོ་ཚོས་དེ་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་སྤེལ་བཞིན་ཡོད་འདུག
ངོ་རྒོལ་གྱི་ལས་འགུལ་དེའི་ནང་། ཕ་མ་ཚོས་བྱིས་པ་སློབ་གྲྭར་མ་བཏང་བར་ཁྱིམ་དུ་ཉར་བ་དང་། སློབ་གྲྭའི་ཕྱི་ལ་འཛོམས་ནས་སྐད་འབོད་རྒྱག་པ། གླུ་གཞས་ལེན་པ་སོགས་བྱས་པ་མ་ཟད། ངོ་རྒོལ་བ་ཚོས་ཐོགས་པའི་འབོད་ཚིག་གཅིག་ཏུ་“སོག་པོ་ཞིག་གིས་སོག་པོའི་སྐད་ཡིག་སློབ་སྦྱོང་བྱེད་རྒྱུ་དེ་ནི་ཁ་བྲལ་ཐབས་མེད་པའི་ལྷན་སྐྱེས་ཀྱི་ཐོབ་ཐང་ཡིན་”བྲིས་ཡོད་འདུག
རྒྱ་ནག་གིས་སོ་སོའི་མངའ་འོག་ཏུ་བསྡུས་པའི་གྲངས་ཉུང་མི་རིགས་ཁག་གི་སློབ་ཚན་དང་སློབ་དེབ་རྣམས་རྒྱ་ཡིག་ཐོག་ནས་སློབ་ཁྲིད་བྱེད་པའི་སྲིད་བྱུས་དེ་ཕྱི་ལོ་ ༢༠༡༧ ལོར་ཤར་ཏུ་ཁི་ཤི་ཐན་དང་། ༢༠༡༨ ལོར་བོད་དུ་དངོས་སུ་ལག་བསྟར་བྱེད་འགོ་བརྩམས་ཡོད་ལ། ད་ལྟའི་སྲིད་འཛིན་ཞི་ཅིན་ཕིང་གི་དབང་སྒྱུར་འོག་གྲངས་ཉུང་མི་རིགས་རྣམས་ཀྱི་སྐད་ཡིག་རྩ་མེད་བཟོས་ཏེ་མི་རིགས་དེ་དག་རྒྱའི་མི་རིགས་དང་རིག་གཞུང་ལ་འཐིམ་དུ་འཇུག་པའི་འབད་བརྩོན་དེ་ལྡབ་ཀྱིས་ཤུགས་ཆེ་རུ་ཕྱིན་ཡོད།
སོག་པོའི་སྲིད་འཛིན་ཟུར་པ་ཨེལ་བྷ་རྡོ་རྗེ–ཚོ་ཁ་(Elbegdorj Tsakhia)ཡིས་སྐད་ཡིག་སྲུང་སྐྱོབ་དགོས་པའི་ངོ་རྒོལ་ལ་རྒྱབ་སྐྱོར་གྱི་བརྙན་ཐུང་བཏང་བའི་ནང་། ཁོང་གིས་“ཁྱོད་རང་སོག་པོ་ཞིག་ཡིན་ཕྱིན། ས་ཕྱོགས་གང་དུ་གནས་ཀྱང་ལས་འགུལ་འདིའི་ནང་ཞུགས་དགོས། སོག་པོའི་སྐད་ཡིག་མེད་པར་སོག་པོའི་རྒྱལ་ཁབ་ཟེར་བ་ཞིག་མེད་”ཅེས་གསུངས་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།