ལྷོ་ཨ་ཧྥི་རི་ཀའི་རང་དབང་འཐབ་རྩོད་པ་ནཱལ་སིན-མན་ཌ་ལའི་ཁྲིམས་རྩོད་པ་སྐུ་གྲོངས།
ལྷོ་ཨ་ཧྥི་རི་ཀའི་མི་རིགས་ནག་པོའི་ཐོབ་ཐང་དང་རང་དབང་འཐབ་རྩོད་པ་གྲགས་ཅན་ནཱལ་སིན-མན་ཌ་ལ་(Nelson Mandela) ཡི་ཁྲིམས་རྩོད་པ་ཇོར་ཇི-བྷ་ཟོ་(George Bizos) དགོང་གྲངས་༩༢ ཐོག་སྐུ་གྲོངས་འདུག
ཕྱི་ཟླ་༩ ཚེས་༩ རེས་གཟའ་ལྷག་པའི་ཉིན་ཁོང་གི་ཤུལ་ལུས་ནང་མིས་ཕྱིར་བསྒྲགས་བྱས་པ་ལྟར་ན། ལྷོ་ཨ་ཧྥི་རི་ཀའི་མི་རིགས་དཀར་ནག་གི་དབྱེ་འབྱེད་མེད་པ་བཟོ་བའི་ཆེད་དུ་སྐུ་ལས་ཚད་མེད་སྐྱོན་མྱོང་བའི་ཁྲིམས་རྩོད་པ་ཁོང་“རང་ཁྱིམ་དུ་ཞི་བའི་ངང་སྐུ་གྲོངས་”ཡོད་འདུག
མི་རིགས་དཀར་ནག་གི་དབྱེ་འབྱེད་ཆེ་བའི་དུས་སྐབས་སུ། ཁོང་གིས་ནཱལ་སིན-མན་ཌ་ལ་ལྟ་བུའི་མི་རིགས་ནག་པོའི་ལས་འགུལ་བ་རྣམས་ཀྱི་ཁྲིམས་རྩོད་པ་བྱས་ཏེ། མི་རིགས་དབྱེ་འབྱེད་གཞི་རུ་བཞག་པའི་ཆབ་སྲིད་ལམ་ལུགས་ཨ་ཕར་ཐ་(Apartheid) ཞེས་པ་མེད་པར་བཟོ་བར་རོགས་གནང་རྗེས། ཁོང་གིས་ལྷོ་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་གསར་པ་བཟོ་བའི་ཐོག་ལ་མཛད་རྗེས་རླབས་པོ་ཆེ་བཞག་ཡོད།
ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་རཱ་མ་ཧྥ་སི་(Cyril Ramaphosa) ཡིས་ཁོང་སྐུ་གྲོངས་པ་དེ་ནི་“ང་ཚོའི་རྒྱལ་ཁབ་ཡོངས་ལ་ཤིན་ཏུ་སྐྱོ་དགོས་པ་ཞིག་རེད་”ཅེས་མྱ་ངན་ཞུས་འདུག་པ་དང་། ནཱལ་སིན-མན་ཌ་ལ་ཐེབས་རྩ་ཁང་ནས་“སླར་ཡང་ལྷོ་ཨ་ཧྥི་རི་ཀའི་ལོ་རྒྱུས་ཀྱི་རླབས་ཆེན་མི་སྣ་ཞིག་དང་། གོ་ལ་ཡོངས་ཀྱི་དྲང་བདེན་ལ་བརྩོན་མཁན་ཞིག་སྐུ་གྲོངས་སོང་”ཞེས་བརྗོད་འདུག
ནཱལ་སིན- མན་ཌ་ལ་དང་ཇོར་ཇི-བྷ་ཟོ་རྣམ་གཉིས་ལྷོ་ཨ་ཧྥི་རི་ཀའི་གྲོང་ཁྱེར་ཇོ་ཧན་སི་བྷར་(Johannesburg) དུ་ཁྲིམས་ལུགས་སློབ་གཉེར་གནང་བའི་སྐབས་ཐོག་མར་མཇལ་འཕྲད་བྱུང་བ་ནས་བཟུང་། ཚེ་གཅིག་གི་བློས་ཐུབ་ཀྱི་གྲོགས་པོར་གྱུར་བ་དང་། ཇོར་ཇི-བྷ་ཟོ་ཡིས་ནཱལ་སིན-མན་ཌ་ལ་དང་ལས་འགུལ་གཞན་རྣམས་ཀྱི་ཁྲིམས་རྩོད་པ་གནང་བ་མ་ཟད། ནཱལ་སིན-མན་ཌ་ལ་ལ་སྲིད་གཞུང་མགོ་རྟིང་སློག་རྩིས་བྱས་པའི་ནག་ཉེས་ཕོག་ནས་ལོ་མང་བཙོན་དུ་བཅུག་པའི་རིང་། ཁོང་གི་ཁྱིམ་མི་རྣམས་ལ་ཁྲིམས་རྩོད་པ་ཁོང་གིས་ལྟ་སྐྱོང་རོགས་རམ་གནང་མྱོང་ཡོད།
ལྷོ་ཨ་ཧྥི་རི་ཀའི་མི་རིགས་འདྲ་མཉམ་གྱི་འཐབ་རྩོད་ནང་བསུབ་ཏུ་མེད་པའི་རླབས་ཆེན་གྱི་མཛད་རྗེས་འཇོག་མཁན་ཁོང་ནི། དམག་ཆེན་གཉིས་པའི་ནང་ནཱ་ཛི་(Nazi) སྲིད་གཞུང་གིས་གྷི་རི་སི་ལ་བཙན་འཛུལ་བྱེད་པའི་སྐབས། གྷི་རི་སི་ནས་ལྷོ་ཧྥ་རི་ཀར་བྲོས་བྱོལ་དུ་ཕེབས་པའི་སྐྱབས་བཅོལ་བ་ཞིག་ཡིན་པ་དང་། སྐབས་དེ་དུས་ཁོང་དགུང་ལོ་བཅུ་ཡིན་འདུག
ཁོང་དེ་འདྲའི་སྙན་གྲགས་ཆེ་བའི་རང་དབང་དང་དྲང་བདེན་སྲུང་སྐྱོབ་བྱེད་མཁན་གྱི་ཁྲིམས་རྩོད་པ་ཞིག་ཏུ་མ་གྱུར་བའི་སྔོན་དུ། ཡུན་རིང་སློབ་གྲྭར་ཕེབས་མ་ཐུབ་པར་ཚོང་ཁང་དུ་ཕྱག་ལས་ཀྱང་གནང་མྱོང་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།