བཀའ་བློན་གཅིག་ལོ་ཚོད་མ་ཟིན་པས་བཀའ་བློན་གྱི་ལས་གནས་ནས་ཕྱིར་འཐེན།

བཀའ་ཤག་སྐབས་༡༥ པའི་བཀའ་བློན་ཤར་གླིང་ཟླ་སྒྲོན་བཀའ་བློན་དུ་གྲོས་ཚོགས་ནང་མང་མོས་འདེམས་ཐོན་བྱུང་རྗེས། བཀའ་བློན་གྱི་ཆ་རྐྱེན་རང་ལོ་ཧྲུལ་པོ་༣༥ ཟིན་རྒྱུར་ཟླ་བ་གསུམ་ཡོད་པར་བརྟེན། བཀའ་བློན་གྱི་ལས་གནས་ནས་ཕྱིར་འཐེན་བྱེད་དགོས་བྱུང་ཡོད་པ་རེད།

ཟླ་འདིའི་ཚེས་༣ ཉིན་གྲོས་ཚོགས་ནང་སྲིད་སྐྱོང་བློ་བཟང་སེང་གེས་གནས་ཚུལ་དེའི་སྐོར་གསལ་བཤད་གནང་དོན། “ཁོང་རང་ལོ་༣༥ ཧྲིལ་པོ་ཟིན་རྒྱུར་ཟླ་བ་གསུམ་ལྷག་ཡོད་པས། དེ་རིང་ཞོགས་པ་ཁྲིམས་ཞིབ་ཁང་ལ་དཔྱ་ཁྲལ་ལག་དེབ་དང་། སྐྱེས་ཚེས་ལག་ཁྱེར་ཕུལ་བ་རེད། བཀའ་བློན་ཚོ་གྲོས་བསྡུར་བྱས་རྗེས། བཀའ་བློན་གྱི་ལས་གནས་ནས་ཕྱིར་འཐེན་བྱས་པ་རེད། བཀའ་བློན་གསང་བའི་ཐོག་ནས་མིང་འདོན་དགོས་པ་དང་། ༡༩༨༡ ལོར་སྐྱེས་པ་ཡིན་པས་ལོ་༣༥ ཟིན་བསྡད་ཡོད་ནའང་། ཧོབ་སྟེ་བཀའ་བློན་དུ་བསྐོས་ཡོང་དུས། ཞིབ་ཚགས་པོ་མ་བྱུང་བ་ཞིག་ཡིན་པ་ལས། གྲོས་ཚོགས་ལ་དབུ་སྐོར་ཞུས་པ་དེ་འདྲ་མིན་ལ། གྲོས་ཚོགས་ལ་དགོངས་སེལ་རྒྱུ་དང་ཁོང་བཀའ་བློན་ནས་ཕྱིར་འཐེན་ཞུས་པ་རེད་”ཅེས་གསུངས་སོང་།

ཤར་གླིང་བསྟན་འཛིན་ཟླ་སྒྲོན་ནི། ཕྱི་ལོ་ ༡༩༨༡ ལོར་འཁྲུངས་ཤིང་། གསར་འགྱུར་རིག་པའི་ཐོག་ M.A. ཐོན་རྗེས་སླར་ཡང་དབྱིན་ཡུལ་ནས་ M.A. ཐོན་པ་དང་། ད་ལྟ་འབུམ་རམས་པའི་སློབ་གཉེར་བྱེད་མུས། ཕྱི་ལོ་༢༠༠༩ ནས་༢༠༡༢ བར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་ལས་དོན་གནང་བ་དང་། ཕྱི་ལོ་༢༠༠༩ ནས་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་རྒྱུན་ལས་ཚོགས་གཙོ་སྦྲེལ་པོའི་ལས་འཁུར་ཞུ་བཞིན་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༥ པའི་སྤྱི་འཐུས་དང་། སྐབས་༡༦ པའི་སྤྱི་འཐུས་སུ་བདམས་ཐོན་བྱུང་། སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་བཀའ་བློན་མང་མོས་འདེམས་ཐོན་བྱུང་ཡོད་ནའང་། རང་ལོ་ཧྲིལ་པོ་༣༥ ཟིན་རྒྱུར་ཟླ་བ་༣ ལྷག་ཡོད་པས། བཀའ་བློན་ལས་གནས་ནས་ཕྱིར་འཐེན་བྱས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།