ཤར་གླིང་ཟླ་སྒྲོན་ལ་གྲོས་ཚོགས་ནང་བཀའ་བློན་གྱི་འོས་མ་ཐོབ་པ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཐོག་སྐབས་བཅོ་ལྔ་པའི་བཀའ་ཤག་གི་བཀའ་བློན་འོས་མིར་ཤར་གླིང་ཟླ་སྒྲོན་སྲིད་སྐྱོང་བློ་བཟང་སེང་གེས་མིང་འདོན་གནང་བ་དང་། གྲོས་ཚོགས་ནང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ཀྱིས་དགག་པ་བརྒྱབ་རྗེས་འོས་བསྡུ་བྱས་ཡོད་ནའང་། སྤྱི་འཐུས་ངོ་ཡོད་ཀྱི་བརྒྱ་ཆ་ལྔ་བཅུ་མ་ལོན་ནས་བཀའ་བློན་གྱི་འོས་ཐོབ་མེད་པ་རེད།
དེ་ཡང་ཟླ་འདིའི་ཚེས་༢༤ ཉིན་གྱི་གྲོས་ཚོགས་ཐོག་སྲིད་སྐྱོང་གིས་ཤར་གླིང་ཟླ་སྒྲོན་བཀའ་བློན་གྱི་འོས་མིར་བཏོན་པ་དང་། བཅའ་ཁྲིམས་དོན་ཚན་ཉེར་གཅིག་པར་གསལ་བའི་བཀའ་བློན་གྱི་འོས་ཆོས་རྣམས་ཡོངས་རྫོགས་ཚང་ཡོད་ཅེས་གསལ་བཤད་གནང་རྗེས། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ཀྱིས་དགག་པ་བརྒྱབ་པ་དང་། གྲོས་ཚོགས་ནང་འོས་བསྡུ་བྱས་ཏེ། བཀའ་བློན་བྱས་ན་འགྲིག་པའི་འོས་༡༤ དང་། མི་འགྲིག་པའི་འོས་༢༧ ། འོས་ཤོག་གཉིས་རྩིས་མེད་ཆགས་ཡོད་པ་རེད།
སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་བཀའ་བློན་གྱི་འོས་མི་འདོན་སྐབས། ཤར་གླིང་ཟླ་སྒྲོན་ལ་འོས་གྲངས་༢༥ ཐོབ་སྟེ་མང་མོས་བྱུང་ཡོད་ནའང་། ལས་ཁུར་དམ་འབུལ་ཞུས་རྗེས། བཀའ་བློན་གྱི་འོས་ཆོས་རང་ལོ་༣༥ ཧྲིལ་པོ་ཟིན་མེད་པ་སྤྱི་ཚོགས་ནང་ཤེས་རྟོགས་བྱུང་སྟེ། བཀའ་བློན་གྱི་ལས་གནས་ནས་ཕྱིར་འཐེན་བྱས་པ་སྲིད་སྐྱོང་གིས་གསལ་བསྒྲགས་གནང་ཡོད་པ་རེད།
སྤྱི་འཐུས་ལྷན་ཚོགས་ནང་སྲིད་སྐྱོང་གིས་བཀའ་བློན་འོས་མི་མིང་འདོན་གནང་རྗེས། གྲོས་ཚོགས་ནང་དགག་པ་རྒྱག་མཁན་བྱུང་ན། འོས་བསྡུ་བྱེད་དགོས་ཀྱི་ཡོད་པ་དང་། གྲོས་ཚོགས་ཀྱི་ངོ་ཡོད་བརྒྱ་ཆ་ལྔ་བཅུའི་རྒྱབ་སྐྱོར་ཐོབ་ན་འོས་ཐོབ་ཀྱི་ཡོད་པ་རེད།
ཤར་གླིང་བསྟན་འཛིན་ཟླ་སྒྲོན་ནི། ཕྱི་ལོ་ ༡༩༨༡ ལོར་འཁྲུངས་ཤིང་། གསར་འགྱུར་རིག་པའི་ཐོག་ M.A. ཐོན་རྗེས་སླར་ཡང་དབྱིན་ཡུལ་ནས་ M.A. ཐོན་པ་དང་། ད་ལྟ་འབུམ་རམས་པའི་སློབ་གཉེར་བྱེད་མུས། ཕྱི་ལོ་༢༠༠༩ ནས་༢༠༡༢ བར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་ལས་དོན་གནང་བ་དང་། ཕྱི་ལོ་༢༠༠༩ ནས་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་རྒྱུན་ལས་ཚོགས་གཙོ་སྦྲེལ་པོའི་ལས་འཁུར་ཞུ་བཞིན་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༥ པའི་སྤྱི་འཐུས་དང་། སྐབས་༡༦ པའི་སྤྱི་འཐུས་སུ་བདམས་ཐོན་བྱུང་། །
གསར་འགོད་པ་ཆོས་ཉིད་འོད་ཟེར།