ཤར་ཏུར་ཀི་སི་ཐན་ཁུལ་དུ་ཕྲུ་གུའི་མིང་འདོགས་ཕྱོགས་ལ་བཀག་སྡོམ་གསར་པ།
རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་མང་པོ་གནས་སྡོད་བྱེད་ཡུལ་ཤར་ཏུར་ཀི་སི་ཐན་ཁུལ་དུ། གསར་སྐྱེས་ཕྲུ་གུ་རྣམས་ལ་ཆོས་མིང་འདོགས་མི་ཆོག་པའི་བཀག་སྡོམ་གསར་པ་ཞིག་བྱས་ཡོད་འདུག
ཟླ་འདིའི་ཚེས་༢༥ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཤར་ཏུར་ཀི་སི་ཐན་གྱི་ནུབ་ཕྱོགས་ཁུལ་དུ་རྒྱ་ནག་གི་ཁ་ཆེ་བ་ཁྱོན་བསྡོམས་ས་ཡ་༢༣ ནས་ཕྱེད་ལྷག་གནས་སྡོད་བྱེད་ཀྱི་ཡོད་འདུག་པ་དང་། དེ་གའི་རྒྱ་ནག་གི་ལས་བྱེད་ཀྱིས། ཕྲུ་གུ་གསར་སྐྱེས་རྣམས་ལ་ཆོས་ལུགས་དང་འབྲེལ་བའི་མིང་ཨི་སི་ལམ་དང་ཁོ་རན། ས་ཌམ། མེ་ཁཱ། དེ་བཞིན་ཟླ་བ་དང་སྐར་མ་སོགས་ཀྱི་མཚོན་པའི་མིང་འདོགས་མི་ཆོག་པའི་བཀག་སྡོམ་གསར་པ་ཞིག་གི་ཐོག་གསལ་བསྒྲགས་བྱས་ཡོད་འདུག གལ་ཏེ་ཆོས་ལུགས་དང་འབྲེལ་བའི་མིང་བཏགས་ཚེ་ཕྲུ་གུ་དེ་དག་ནང་མིའི་ཐོ་གཞུང་དུ་དེབ་སྐྱེལ་བྱེད་ཆོག་གི་མེད་པ་རེད་འདུག་པས། གལ་ཏེ་ཐོ་གཞུང་དེའི་ནང་དེབ་སྐྱེལ་བྱེད་མ་ཐུབ་ཚེ། ཕྲུ་གུ་དེར་སྤྱི་དམངས་ཀྱི་ཁེ་ཕན་འཕྲོད་བསྟེན་ལྟ་སྐྱོང་དང་། ཤེས་ཡོན་མཐུན་རྐྱེན་སོགས་ཐོབ་ཀྱི་མེད་པ་རེད་འདུག
ད་ལྟའི་ཆར་བཀག་སྡོམ་བྱས་པའི་ཆོས་ལུགས་དང་འབྲེལ་བའི་མིང་གི་ཐོ་གཞུང་ཆ་ཚང་གསལ་བསྒྲགས་བྱས་མེད་ཁར། ཆོས་ལུགས་དང་འབྲེལ་བའི་མིང་ལ་ཆ་རྐྱེན་གང་ཚང་དགོས་མིན་ཐད་ཀྱང་གསལ་ཁ་མེད་པ་རེད་འདུག
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་གི་སྐོར་ལ་ལྟ་ཞིབ་སྡེ་ཚན་གྱི་འགན་འཛིན་སོ་ཧྥི་རི་ཆར་ཌེ་སོན་གྱིས་བཀག་སྡོམ་གསར་པ་དེ་ནི་ཐལ་ཆེ་བའི་ཆོས་ལུགས་ཀྱི་ལྟ་བ་རིང་ལུགས་ལ་འཐབ་རྒོལ་གྱི་མིང་ཁྱེར་ནས། ཆོས་ལུགས་རང་དབང་ལ་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་གསར་པ་ཞིག་ཡིན་པ་དང་། སྲིད་ཇུས་དེ་དག་གིས་རྒྱལ་སྤྱིའི་ཆོས་དད་དང་སྨྲ་བརྗོད་རང་དབང་སྲུང་སྐྱོབ་ལ་རྡོག་རོལ་གཏོང་གི་ཡོད་པ་གསལ་པོ་ཡིན་སྐོར་བརྗོད་ནས། གལ་སྲིད་རྒྱ་ནག་གཞུང་གིས་ཁུལ་དེར་ཞི་བདེ་ལྷིང་འཇགས་འདོད་ཀྱི་ཡོད་ཚེ། སྲིད་ཇུས་དེའི་རིགས་ཕྱིར་འཐེན་བྱེད་དགོས་པ་ལས་མང་དུ་གཏོང་མི་རུང་སྐོར་བརྗོད་ཡོད་འདུག
དེ་སྔོན་ཟླ་༤ པའི་མགོ་སྟོད་དུ། ཁ་ཆེ་འཇིགས་སྐུལ་རིང་ལུགས་པར་འཐབ་རྒོལ་གྱི་མིང་ཁྱེར་ནས། རྒྱ་ནག་གཞུང་གིས་ཤར་ཏུར་ཀི་ཁུལ་གྱི་མི་མང་རྣམས་ཀྱིས་སྤྱིར་བཏང་མ་ཡིན་པའི་རྒྱ་རིང་པོ་འཇོག་མི་ཆོག་པ་དང་། གདོང་ཁེབས་གྱོན་མི་ཆོག་པ། རྒྱ་ནག་གཞུང་འབྲེལ་གྱི་བརྙན་འཕྲིན་བལྟ་འདོད་མེད་པ་བྱེད་མི་ཆོག་པ། དེ་བཞིན་ཕྲུ་གུ་རྣམས་གཞུང་གི་སློབ་གྲྭར་མི་གཏོང་བ། བུ་བཙའ་སྲིད་ཇུས་བརྩི་སྲུང་མི་བྱེད་པ། ཆེད་དུ་མངགས་ནས་ཁྲིམས་ཀྱི་ཡིག་ཆར་གཏོར་སྐྱོན་བྱེད་པ། ཆོས་ལུགས་ཀྱི་ལམ་ལུགས་ཁོ་ནར་བརྟེན་ནས་ཆང་ས་རྒྱག་པ་བཅས་བཀག་སྡོམ་བྱས་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་གིས་སྤྱིར་བཏང་གི་རྒྱའི་རིང་ཚད་གང་འདྲ་ཞིག་ཡིན་མིན་སྐོར་ལ་གསལ་བཤད་གང་ཡང་བྱས་མེད་པ་རེད།
དེ་བཞིན་དམངས་སྤྱོད་ཀྱི་ས་ཆ་འབབ་ཚུགས་ཁག་དང་གནམ་ཐང་སོགས་ལ་ལས་ཀ་བྱེད་མཁན་ཚོས། གཟུགས་པོ་ཆ་ཚང་བཀབ་པའམ་གདོང་ཁེབས་གྱོན་མཁན་སོགས་ཀྱི་མི་རྣམས་ནང་དུ་འཛུལ་འཇུག་མི་ཆོག་པ་མ་ཟད། དེ་རིགས་ཉེན་རྟོག་པར་སྙན་སེང་ཞུ་དགོས་སྐོར་གྱི་བཀག་སྡོམ་གསར་བཟོ་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཤར་ཏུར་ཀིའི་ཁུལ་དུ་ཁ་ཆེ་དྲག་སྤྱོད་པ་རྩ་མེད་བཟོ་ཡི་ཡོད་ཁུལ་བརྗོད་ནས། བཀག་སྡོམ་དང་དམ་བསྒྲགས་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།