ཤར་ནུབ་ཀྱི་ཁེ་ཕན་དང་སྲིད་དོན།
རྩོམ་སྒྲིག་པའི་གཏམ། བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས། ༩༥༢།
འཛམ་གླིང་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཕལ་མོ་ཆེས་གནས་སྐབས་ཀྱི་ཁེ་ཕན་དོན་གཉེར་གཙོ་བོ་བྱེད་པ་དང་། ཨ་རིས་གཙོས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་གིས་འཕྲལ་གྱི་བློས་གཏོང་ལ་བརྟེན་ནས་ཕུགས་ཀྱི་ཁེ་ཕན་གཙོ་བོར་བཟུང་བའི་སྲིད་དོན་གྱི་དམིགས་ཡུལ་ཞིག་ལག་བསྟར་བྱེད་བཞིན་ཡོད་པས། མིག་སྔར་འཛམ་གླིང་ཤར་ནུབ་གཉིས་ལས་ཕྱིའི་དངོས་པོའི་དཔལ་ཡོན་ཡར་རྒྱས་འགྲོ་སྟངས་ཀྱི་ཐོག་ནས་ཀྱང་རོབ་ཙམ་རྟོགས་ཐུབ་པ་ཞིག་རེད། ཤར་ཕྱོགས་སུ་མི་འབོར་མང་ཞིང་ཚན་རིག་དང་ལག་རྩལ་ཡར་རྒྱས་ཀྱི་ཐོག་ནས་ད་ལྟའི་ཆར་ཡང་ནུབ་ཕྱོགས་པ་དང་འགྲན་སྡུར་བྱེད་ཐབས་བྲལ་ཡོད། མང་པོ་ཞིག་གིས་དུས་རབས་ཉེར་གཅིག་པ་ཨེ་ཤི་ཡར་དབང་བ་ཞིག་ཡིན་པའི་ལྟ་ཚུལ་རྗོད་མཁན་ཡོད་པ་དང་། དེ་ཡང་གཙོ་བོ་ནུབ་ཕྱོགས་སུ་ཚན་རིག་དང་ལག་རྩལ་ལ་བརྟེན་ནས་དཔལ་འབྱོར་ཡར་རྒྱས་ཕྱིན་ཟིན་པས། རྒྱ་གར་དང་། རྒྱ་ནག་གཉིས་ཀྱིས་གཙོས་ཤར་ཕྱོགས་སུ་ཡར་རྒྱས་འགྲོ་རྒྱུ་ད་དུང་ལྷག་ཡོད་པའི་དོན་རེད། འོན་ཀྱང་དུས་རབས་ཉེར་གཅིག་པའང་ནུབ་ཕྱོགས་པར་དབང་བ་ཞིག་ཏུ་འགྱུར་ངེས་ཡིན་པ་འདྲ།
ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་འབར་མའི་ལྕམ་ཨང་སན་སུ་ཀེ་ལ་ནུབ་ཕྱོགས་པས་བསྟོད་བསྔགས་མང་པོ་བཏང་བ་དང་། འབར་མའི་དམག་གཞུང་ལ་ཁ་རྡུང་དང་དཔལ་འབྱོར་གྱི་ཉེས་ཆད་ཡང་ཡང་བཏང་། ལྕམ་ཨང་སན་སུ་ཀེ་བཙོན་ཁང་ནས་གློད་གྲོལ་ཐོབ་རྗེས་འབར་མའི་ནང་འོས་བསྡུའི་ལམ་ནས་མཐོ་རིམ་དཔོན་རིགས་ཀྱི་གོ་གནས་སུ་སླེབས་ཀྱང་། དོན་དམ་པའི་དབང་ཆ་ཁོང་ལ་མེད་པ་ཤེས་བཞིན་དུ་ནུབ་ཕྱོགས་པས། འབར་མའི་རོང་གྷ་ཡའི་གྱེན་ལོག་དང་། དམག་དཔུང་གིས་དྲག་གནོན་བྱེད་སྐབས་ཁོང་གིས་གཞུང་གི་དྲག་གནོན་ལ་བཀག་འགོག་མ་བྱས་པར་བསྙད་ནས་ཁ་རྡུང་ཡང་ཡང་བཏང་བ་དང་། གནད་ཡོད་རེ་ཟུང་གིས་ཁོང་ལ་ཕུལ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕྱིར་བསྡུ་དགོས་པའི་བསམ་ཚུལ་ཡང་བཏོན་ཡོད། ལྕམ་ཨང་སན་སུ་ཀེ་ལ་ཕྱོགས་གཅིག་ནས་མིང་ཙམ་ལས་དོན་གྱི་དབང་ཆ་མེད་པ་དང་། ཕྱོགས་གཅིག་ནས་ནུབ་ཕྱོགས་པས་མཛུབ་མོས་གར་བསྟན་ཤར་བྱེད་ཐུབ་པ་ཙམ་གྱིས་འབར་མ་རྒྱལ་ཁབ་ལ་དེ་ཙམ་ཕན་ཐོགས་ཡོད་མེད་ཀྱང་ངེས་པར་དུ་བལྟ་དགོས་ངེས་རེད།
ལྕམ་ཨང་སན་སུ་ཀེ་ལ་ནུབ་ཕྱོགས་པའི་རྒྱབ་སྐྱོར་མེད་པ་གསལ་པོར་གྱུར་རྗེས་འོས་བསྡུའི་ཐོག་ནས་མང་གཙོ་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་ཀྱང་།འབར་མའི་དམག་དཔུང་གིས་སྲིད་དབང་བཙན་འཕྲོག་དང་། ལྕམ་ཁོང་ཡང་ཡུན་རིང་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད། ད་ལྟའི་ཆར་ནུབ་ཕྱོགས་པས་དེ་ལ་ཡ་ལན་དང་གདོང་ལེན་ནན་པོ་ཞིག་གང་ཡང་བྱེད་ཀྱི་མེད་པས། འབར་མའི་ནང་དྲག་པོའི་དཔུང་གིས་གང་བྱེད་ཉག་གཅིག་ཏུ་གྱུར་ཡོད། ད་དུང་ཨི་རག་ལ་མཚོན་ན་རྡུལ་ཕྲན་མཚོན་ཆ་ཡོད་པར་བསྙད་དེ་ཨ་རིས་དཔུང་འཇུག་བྱས་ནས། སཱ་དྷམ་ཧོ་སན་གྱི་སྲིད་གཞུང་མགོ་རྟིང་བསློགས་པ་དང་། མང་གཙོའི་སྲིད་གཞུང་ཞིག་བཙུགས་ཡོད་ཅེས་ཡང་ཡང་ཁྱབ་བསྒྲགས་བྱས་ཀྱང་། དོན་དུ་ཨ་རིས་དམག་དཔུང་ཨི་རག་ནས་ཕྱིར་འཐེན་བྱས་མ་ཐག ཐ་ལི་བྷན་དྲག་པོའི་ཤོག་ཁག་གིས་ཨི་རག་གཞུང་བཙན་འཕྲོག་བྱས་ནས་ད་ཆ་གནའ་སྔ་མོ་ལས་ཀྱང་སྡུག་ཏུ་ཕྱིན་ཡོད། འོན་ཀྱང་ཨི་རག་ནང་ཡོད་པའི་སྣུམ་སོགས་ཐོན་ཁུངས་ཀྱི་ཐོག་ནས་ཨ་རི་ཕྱུག་པོར་གྱུར་ཡོད་པ་ནི་ཡོངས་གྲགས་ཡིན། དེ་དང་དེས་མཚོན་པའི་གནས་སྟངས་སྣ་ཚོགས་ཤིག་ལོ་རྒྱུས་ནང་གསལ་པོ་ཡོད་པ་དང་། ནུབ་ཕྱོགས་པའི་བཤད་སྟངས་དང་བྱེད་སྟངས་གཉིས་གཏན་ནས་མི་འདྲ་བས། ཁ་ནས་ཞི་བདེ་དང་འཆམ་མཐུན་གྱི་འབོད་སྒྲ་ལ་བརྟེན་ནས་དོན་དུ་ཨ་རིས་གཙོས་འབྲེལ་ཡོད་རྒྱལ་ཁབ་ཁག་གི་ཁེ་ཕན་ཁོ་ན་དོན་གཉེར་བྱ་རྒྱུར་དམིགས་ཡོད། ད་ལྟའི་ཆར་ཤར་ཕྱོགས་ནས་རྒྱ་དམར་དྲག་པོའི་གཞུང་གིས་ཨ་རི་ལ་ལད་མོ་ལྟ་བུ་བྱེད་བཞིན་ཡོད་པ་ལས། གཞན་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཕལ་ཆེ་བ་ནི་གནས་སྐབས་ཀྱི་ཁེ་ཕན་ཙམ་དོན་གཉེར་བྱེད་མཁན་ལྟ་བུར་གྱུར་ཡོད། རྒྱ་གར་ལ་མཚོན་ན་ས་རྒྱ་དང་མི་འབོར། ཤེས་ཡོན་སོགས་གང་ཐད་ནས་ཡར་རྒྱས་དང་རེ་བ་ཆེ་བའི་རྒྱལ་ཁབ་ཅིག་ཡིན་ནའང་། ཕྱོགས་ཚང་མར་བསྟུན་མཁས་ཁོ་ན་བྱ་རྒྱུ་ལས། སྟོབས་ཆེན་རྒྱལ་ཁབ་འགྲན་ཟླ་བྲལ་བ་ཞིག་བྱ་རྒྱུའི་འདུན་པ་དང་བློ་སྤོབས་གདེང་ཚོད་བཅས་དེ་ཙམ་མེད་པས། ནུབ་ཕྱོགས་པའི་བསམ་བློ་གཏོང་སྟངས་བཞིན་ཕུགས་ཀྱི་འཆར་གཞི་ལྡན་པའི་རྒྱལ་ཁབ་ཅིག་ཤར་ཕྱོགས་སུ་ཕལ་ཆེར་མེད་པ་ལྟ་བུར་གྱུར་ཡོད།
མདོར་ན་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཕལ་ཆེ་བར་ནུབ་ཕྱོགས་པའི་ཤུཌ་རྐྱེན་ཡོད་པ་དང་། རྒྱ་དམར་གཞུང་གིས་ཤྲི་ལངྐ་དང་། པ་ཀི་སི་ཐན་སོགས་འབྲེལ་ཡོད་རྒྱལ་ཁབ་ཁག་ཅིག་ལ་དཔལ་འབྱོར་ཐོག་གྱོང་གུད་ཆེན་པོ་སྤྲད་ཐུབ་ཡོད་ཀྱང་། དམག་དོན་དང་ཚན་རིག་སོགས་ཕྱོགས་ཡོངས་ནས་ནུབ་ཕྱོགས་པའི་ཤུགས་རྐྱེན་ལྟ་བུ་ཐེབས་ཐུབ་མེད། རྒྱ་ནག་གཞུང་དཔལ་འབྱོར་ཐོག་སྔོན་ཐོན་གྲས་སུ་ཚུད་ཙམ་ལས། ཨ་རི་ལྟ་བུ་སྤྱི་ཚོགས་རང་བཞིན་གྱི་ཆ་ནས་འབྱོར་ལྡན་ཆགས་ཐུབ་མེད་པས། ཨ་རི་ལ་ལད་མོ་བྱས་པ་ནི། སྟག་མཆོང་སར་ཝ་མཆོངས་པ་ལྟ་བུར་གྱུར་ཡོད། རྒྱ་ནག་གིས་ཨ་རི་ལ་ཁ་གཏད་ཀྱི་རྣམ་པ་ཙམ་བསྟན་ཡང་། དོན་དམ་པར་ཨ་རིས་ཐའེ་ཝན་ལ་རྒྱབ་སྐྱོར་གྱི་རྣམ་པ་ཆེན་པོ་བསྟན་པར་རྒྱ་གཞུང་གིས་དམིགས་བསལ་གང་ཡང་བྱེད་ཐུབ་མ་སོང་། རཱ་ཤི་ཡས་ཀྱང་ཨ་རི་ལ་ཁོང་ཁྲོ་ཟ་ནས་ཡུ་ཁུ་རེན་ལ་དམག་བརྒྱབ་པའི་བརྗོད་བབས་ནི་ཁོང་ཁྲོ་རྟ་ལ་ཟོས་ནས་ལྕག་ཚན་ཀ་བར་གཞུས་པ་ལྟ་བུར་གྱུར་ཡོད་པས། མུ་མཐུད་དུས་རབས་ཉེར་གཅིག་པ་ཡང་ཨ་རིས་སྣེ་ཁྲིད་པའི་ནུབ་ཕྱོགས་པའི་འཇིག་རྟེན་ཞིག་ཏུ་གྱུར་འདུག